འབའ་ཤིང་ཁྲི་ཡུལ་དགོན་ལ་དམ་དྲག

བོད་མདོ་སྨད་མཚོ་སྔོན་འབའ་རྫོང་ས་གནས་ཀྱི་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པའི་གཙོས་བོད་རིགས་སེར་སྐྱ་མི་མང་ལ་རྒྱ་གཞུང་གིས་གཅར་རྡུང་བྱས་ཏེ། མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

གནས་ཚུལ་དེའི་སྐོར་མིང་བརྗོད་འདོན་མེད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། སྐབས་དེའི་གནས་ཚུལ་ཁྲོད།   གྲྭ་བཙུན་ལྔ་བཅུ་ང་བདུན་ནས་དྲུག་ཅུ་ཙམ་འཛིན་བཟུང་བྱས་འདུག་པ་དང། ད་ལྟའི་ཆར་དེའི་ནང་ནས་མང་ཕྱོགས་ཤིག་ཕྱིར་བཏང་འདུག  བཅུ་བཞི་ལྷག་གང་དུ་བཀག་ཉར་བྱས་ཡོད་ཤེས་ཀྱི་མེད་པ་རེད།

ཡང་ཁོང་གིས་དེ་སྔོན་ངོ་རྒོལ་སྐབས་དངོས་སུ་མཐོང་ཡོད་པའི་གནས་ཚུལ་ཁག་མུ་མཐུད་ནས་འགྲེལ་བརྗོད་བྱས་པར། ཐོག་མ་ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༧སྐྱབས་མགོན་རིན་པོ་ཆེ་ཕྱིར་ཕ་ཡུལ་ལ་ལོག་དགོས་ཟེར་ནས་སྐད་བརྒྱབ་པའི་སྐབས་སུ་ཁུལ་དང་ཞིང་ཆེན་ནས་དམག་མི་སྟོང་ཕྲག་མང་པོ་ཡར་ཡོང་ནས་བོད་མི་མང་ཚོགས་ཀྱི་དཀྱིལ་དུ་དུག་རྫས་དང་འགད་རྫས་འཕངས་ནས་མི་མང་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། སྐབས་དེར་རྨས་སྐྱོན་ཆེན་པོ་བྱུང་ཡོད་པའི་མི་གྲངས་བདུན་བརྒྱད་ཅིག་རྫོང་མི་མང་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱེད་སྐབས། སྨན་ཁང་གི་མཐའ་སྐོར་ཡོངས་དམག་གིས་བསྐོར་ནས་སྨན་བཅོས་ག་འདྲ་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག ནང་གི་མི་ཕྱི་ལ་ཡོང་མ་བཅུག་པ་དང་། ཕྱིའི་མི་ནང་ལ་ཡོང་བཅུག་མེད་པ་རེད། 

དེའི་ནང་གི་ནད་པ་གཅིག་ཞིང་ཆེན་གྱི་སྨན་ཁང་དང་པོའི་ནང་ན་ཡོད་པ་རེད།  འོན་ཀྱང་སྲོག་གི་ཉེན་ཁ་ལས་ཐར་མི་ཐར་ད་དུང་གསལ་པོ་ཤེས་མི་འདུག་མོད། ནད་པ་ཚབས་ཆེན་དེ་འདྲར་ཡང་ཐུག་འཕྲད་བྱེད་འཇུག་གི་མི་འདུག

ཟླ་འདིའི་ཚེས་༢༣ ཉིན་དགོན་པ་དེའི་ད་ལྟའི་གནས་སྟངས་སྐོར་བརྗོད་པ་ལྟར་ན། ཕྱི་ཟླ་༣ པའི་ཚེས་༡༥ ཉིན་གྱི་ཉིན་གོང་འབའ་ཤིང་ཁྲི་དགོན་པས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉིན་དེ་ནས་བཟུང་ཉེན་རྟོག་པ་དང་དམག་མི།  དེ་ནས་ལས་བྱེད་པ་སོགས་སུམ་ཅུ་ནས་བཞི་བཅུ་ལྷག་གིས་ཉིན་མཚན་དུས་དྲུག་ཏུ་དགོན་པའི་མཐའ་བསྐོར་ནས་འདུག 

ཟླ་༤ བའི་ཚེས་༡༤ ཉིན་འབའ་ཤིང་ཁྲི་དགོན་པའི་མཁན་རིན་པོ་ཆེ་གདན་གྲོལ་དང་དེ་མིན་གཞན་དགེ་འདུན་པ་གསུམ་བཅས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང། ཁོང་ད་ལྟ་དགོང་ལོ་བཞི་བཅུའི་ནང་ཡིན་འདུག  ཁོང་རྒྱ་ནག་གིས་འཛིན་བཟུང་བྱས་པ་དེ་ཤིང་ཁྲི་དགོན་པའི་མགོ་བཏོག་སོང་བ་ལྟ་བུ་རེད་ཅེས་འགྲེལ་བརྗོད་བྱས་སོང་།

འབའ་ཤིང་ཁྲིའམ་སེང་ཁྲི་ཆོས་གྲྭ་ནི་མདོ་སྨད་ཕྱོགས་ནས་རྙིང་མ་པའི་ཆོས་གྲྭ་ཆེ་ཤོས་ཀྱི་གྲས་ཡིན་པ་དང་། མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་མཆོག་གིིས་ཕྱག་བཏབ། ཁོང་༡༨༨༣ ལོར་སྐུ་འཁྲུངས་པ་དང། ༡༩༥༨ ལོར་རྒྱ་མིས་འཐབ་འཛིང་གཏོང་བཞིན་པའི་སྐབས་རགས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས།།
མོན་གྷོ་གསར་འགོད་པས།

http://www.tibetexpress.net/bo/home/2010-02-04-05-37-19/7761-2012-03-19-03-25-32

 

http://www.tibetexpress.net/bo/home/2010-02-04-05-37-19/7747-2012-03-16-12-28-28