བསྟན་པ་དག་ཐེར་ཡོང་བའི་རེ་བསྐུལ།

ཕུལ་བྱུང་ཁྲིམས་ཀྱི་བདག་པོ་ཤཱཀ་ཐུབ་མགོན་ལ། །

རྒྱུ་མཚན་ཤེས་པའི་དད་པས་ལན་བརྒྱར་བཏུད་དེ། །

ཁ་ཁོག་གསོན་པོ་ཞིག་གི་དྲང་བདེན་ལམ་ནས། །

སྡེ་གཉིས་ཤན་འབྱེད་བྱེད་ལ་རིང་ནས་སྒུག་ཡོད། །

དེང་སང་དཀོར་ལ་དགའ་བའི་སྐྱེ་བོའི་ཁྲོད་དུ། །

བླ་ཆེན་མཚན་ལ་ཆགས་པ་མང་དུ་མཆིས་ཀྱང་། །

མཚན་གྱི་དགོས་དོན་སྒྲུབ་མཁན་ཤིན་ཏུ་ཉུང་བས། །

མིང་དོན་མཚུངས་པ་ཞིག་ལ་རེ་བཞིན་བལྟས་ཡོད། །

བསྟན་པ་འཛིན་དགོས་ཟེར་མཁན་མང་པོ་འདུག་སྟེ། །

བསྟན་དོན་ལུང་རྟོགས་ཤོར་བའི་ཕྱི་ཤུན་ཞིག་ལ། །

བསྟན་པ་རྣལ་མར་འཁྲུལ་བའི་དགེ་སྦྱོང་གཟུགས་ཅན། །

དེང་སང་རྒྱ་བོད་གཉིས་ལ་ཧ་ཅང་མང་གི། །

ལ་ལས་ཕུང་གསུམ་ལས་འདིའི་རྣམ་སྨིན་ལྕི་བས། །

ད་ལྟ་ཐེར་འདོན་མེད་ཀྱང་འཇིག་རྟེན་གཞན་དུ། །

ལས་ཀྱི་བགོ་སྐལ་སྤྱོད་ལ་གཏན་དུ་ངེས་པས། །

རང་དགར་བསྐྱུར་ཐོང་ཞེས་པའི་བཀའ་དགོངས་མང་ཡང་། །

གཤིན་རྗེའི་ཁྲིམས་ལ་བསྒུག་ན་བསྟན་པ་འཇིག་འགྲོ། །

ངོ་སྲུང་ཚུལ་འཆོས་མང་ན་སྡོམ་རྒྱུན་ཆད་འགྲོ། །

མཁས་གྲུབ་ཕལ་ཆེར་གཤེགས་པའི་དུས་ཚོད་འདི་ནས། །

བརྒྱུད་འཛིན་བསྐྱེད་བསྲིང་བྱ་བའི་ཐབས་ལམ་བསྐྲུན་དགོས། །

གཤིན་རྗེའི་ཁྲིམས་ཁ་བཙན་ཡང་ཕྱི་མའི་ཡུལ་རེད། །

ལས་ཀྱི་རྣམ་སྨིན་ལྕི་ཡང་ཚེ་རབས་གཞན་རེད། །

སྔ་དྲག་ཕྱི་ཐལ་མེད་པའི་དུས་ཚོད་གཉན་པོ། །

ཁྱེད་ཅག་ཁྲིམས་ལྡན་དག་གིས་དམ་འཛིན་གནོངས་ཤིག །

དེང་སང་དུས་སྙིགས་ཟེར་ནས་རང་དགར་མ་བསྐྱུར། །

ད་ལྟ་དགོས་མེད་གསུངས་ཏེ་གང་འདོད་མ་གནང་། །

ནམ་ཞིག་འཇིག་རྟེན་ཕལ་ཆེར་སྨྱོན་པ་ཆགས་དུས། །

རྒྱལ་བསྟན་རིན་ཆེན་སྨན་མཆོག་དགོས་དུས་ཚེས་འོངས། །

འཛམ་གླིང་ཤར་ནུབ་གཉིས་ཀའི་གསོ་རིག་དག་དང་། །

བསྡུར་ན་འགྲན་ཟླ་བྲལ་བའི་ཆོས་ཀྱི་སྨན་མཆོག །

མཉམ་མེད་ཤཀ་ཐུབ་མགོན་གྱི་བཀའ་ལུང་ཟབ་མོ། །

ད་ལྟ་ལག་ཏུ་ཡོད་དུས་ཕྱི་བཤོལ་མ་གནོངས། །

སྡོམ་དང་དམ་ཚིག་གཉིས་ཀ་སྲོག་ལས་གཅེས་ཤིང་། །

དབང་ལུང་མན་ངག་གསུམ་ག་སྙིང་ལྟར་སྲུང་པའི། །

མཁས་གྲུབ་གོང་མའི་རྣམ་ཐར་མཇལ་ཙམ་གྱིས་དང་། །

ད་གཟོད་དམ་པའི་ཆོས་ལ་ལ་རྒྱ་བརྟན་འོངས། །

མི་ཆོས་ལྷ་ཆོས་གཉིས་ཀ་རྩིས་མེད་གཏོང་བཞིན། །

རྒྱུས་མེད་མི་ཡུལ་འདི་ནས་རྒྱུས་སྟོན་ཅན་པོ། །

འདི་ཕྱིར་གཉིས་ཀ་ཕུང་པའི་མདོ་མེད་ཅིག་གིས། །

ཟོལ་མེད་བདེན་གཏམ་ཡིན་པའི་ཆོད་སེམས་ཡོད་ཀྱང། །

རིགས་དྲུག་མཐུན་སྣང་གྲུབ་པའི་ཆོས་ཤིག་མེད་ན། །

རྐང་གཉིས་འགྲོ་བའི་མོས་ངོར་འཐད་པ་ལྡན་ཞིང་། །

ཀུན་གྱི་ཡིད་ལ་མཛའ་བའི་གླེང་མོལ་དཀའ་བས། །

ཁྱེད་ཚོའི་ཞལ་གསུང་འགའ་ལ་དོན་ལྡན་ལོས་སེམས། །

འོན་ཏང་བསགས་པ་དཀར་བའི་ལས་ཅན་ཞིག་དང་། །

བསྟན་ལ་སྲི་ཞུར་དགའ་བའི་གང་ཟག་ཕལ་ལ། །

རྒྱལ་བསྟན་ཕུང་བར་དོགས་པའི་སེམས་ཚོར་ཟབ་པས། །

ཁྱེད་ཚོར་ལགས་སོ་ཕུལ་བའི་དཔྱོད་ལྡན་སྙུང་ངེས། །

དེ་ཕྱིར་དོན་གཉིས་སྒྲུབ་པའི་བྱིན་མཐུ་མེད་ཀྱང་། །

ཁྲེལ་མེད་ཐེར་འདོན་བྱ་བའི་ཡོ་ལང་འདི་ནས། །

ཕྱིས་འབྱུང་སྐལ་ལྡན་དག་ལ་དཔྱད་གཞི་ཞིག་དང་། །

ད་ཡོད་མཁས་པའི་ཚོགས་ལ་ར་མདར་སྦྲན་ཡོད། །

སྤྱི་ལོ་༢༠༡༢་ཟླ་བ་༤་ཚེས་༦་ལ་ཨོ་རྒྱན་ཉི་མས་ལྡི་ལི་ནས་ཕུལ།