རྒྱལ་ཚོགས་ཀྱི་དྲུང་ཆེས་འབར་མར་གཟིགས་སྐོར།

བྷི་བྷི་སིའི་གསར་གནས་སུ་གནས་ཚུལ་སྤེལ་བ་ལྟར། རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མཱོན་འབར་མའི་མང་གཙོ་འཕེལ་རྒྱས་ཡོང་བའི་ཆེད་དུ་དམིགས་ནས་ཉིན་གསུམ་རིང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༤ པའི་ཚེས་༣༠ ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འབར་མའི་གྲོས་ཚོགས་སུ་གཟིགས་ཞིབ་ཏུ་ཕེབས་ཤིང་། འབར་མའི་སྲིད་འཛིན་ཐེན་སེན་དང་མཇལ་འཕྲད་ཀྱང་བྱས་ཡོད་པ་རེད། ཐེངས་འདིར་བྷན་ཀི་མཱོན་གྱི་གཟིགས་སྐོར་ནི་འབར་མའི་ལོ་རྒྱུས་ནང་ཕྱི་རྒྱལ་བའི་དཔོན་རིགས་ཤིག་གྲོས་ཚོགས་སུ་གཟིགས་སྐོར་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་རེད། སྐབས་དེར་ཁོང་གིས་གྲོས་ཚོགས་སུ་གཏམ་བཤད་གནང་བ་དང་། གཏམ་བཤད་ནང་འབར་མའི་གཞུང་འཛིན་དཔོན་རིགས་དང་ཕྱོགས་འགལ་ཚོགས་པའི་དཔོན་རིགས་རྣམས་ཀྱིས་འཕོ་འགྱུར་གཏོང་ཐུབ་པའི་སྙིང་སྟོབས་དང་ཕུགས་བསམ་ལ་བསྔགས་བརྗོད་གནང་བ་དང་།  ཕྱིན་ཆད་ཀྱང་འཕོ་འགྱུར་དང་གསར་བཏོད་ཀྱི་ལམ་ཁར་ཆིག་སྒྲིལ་ཐོག་མཉམ་ལས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་པ་རེད།

ཁོང་གིས་བརྗོད་དོན། འབར་མས་ཡར་རྒྱས་དང་གྲོས་མཐུན་ཡོང་བར་གདོང་ལེན་མང་པོ་བྱེད་ཐུབ་མོད། ཐུན་མོང་གིི་དབུ་ཁྲིད་དང་མཉམ་ལས་བྱེད་རྒྱུར་ཕྱོགས་ཡོངས་ནས་ཆོད་སེམས་བརྟན་པོ་འཆང་དགོས་ཀྱི་འདུག་ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་༢༠༠༩ ལོར་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་འབར་མར་གཟིགས་སྐོར་སྐབས་གཞུང་འཛིན་པས་ལྕམ་ཨང་སང་སུ་ཀྱིད་དང་མཇལ་འཕྲད་བྱེད་རྒྱུར་བཀག་འགོག་བྱས་ཡོད་མོད། ད་ཐེངས་ལྕམ་ཨང་སང་སུ་ཀྱིད་དང་མཇལ་འཕྲད་གནང་ཡོད་པ་རེད། ལྕམ་ཨང་སང་སུ་ཀྱིད་ཀྱིས་གཞུང་དང་མི་མང་བར་རྩོད་རྙོག་ཆེན་པོ་བྱུང་ཡོད་མིན་ལ་མ་ལྟོས་པར། ཟླ་འདིའི་ཕྱི་ཚེས་༢ ཉིན་གཞུང་གི་ལས་ཀར་ཞུགས་པའི་དམ་འབུལ་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་༡ ཉིན་བྷན་ཀི་མཱོན་གྱིས་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ལྕམ་ཨང་སང་སུ་ཀྱིད་དང་ཐུག་འཕྲད་བྱས་ཤིང། བྷན་ཀི་མཱོན་གྱིས་“དོན་དམ་གྱི་དབུ་ཁྲིད་ཀྱིས་མི་མང་གི་བདེ་དོན་ཆེ་སར་གུ་ཡངས་ཀྱི་དགོངས་པ་བཞེས་ཀྱི་རེད། དེ་ནི་ཁ་སང་སུ་ཀྱིད་མཆོག་གིས་གནང་བ་དེ་ཡིན། གུས་པས་སྙིང་ཐག་པ་ནས་ཁོང་གི་ཐག་གཅོད་དེར་གུས་འདུད་དང་ཡི་རངས་ཞུ་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད། དེ་བཞིན་བྷན་ཀི་མཱོན་གྱིས་འབར་མའི་དཔོན་རིགས་རྣམས་ལ་ཀ་ཅིན་མི་མང་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་རྣམས་དང་ཞི་འགྲིག་ཡོང་ཆེད་ཕྱག་ལས་སྔར་ལས་ལྷག་པ་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

བྷི་བྷི་སི་ཡི་གསར་འགོད་པས་སྐུ་ཞབས་བྷན་ཀི་མཱོན་གྱིས་གཏམ་བཤད་བྱེད་སྐབས་འབར་མའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཟབ་གཟབ་བྱས་ནས་ཉན་སོང་ཞེས་བརྗོད་འདུག

ལྕམ་སུ་ཀྱིད་དང་མང་གཙོ་ཚོགས་པ་གཉིས་ནས་རྩ་ཁྲིམས་སྲུང་སྐྱོབ་ཅེས་པར་མོས་མཐུན་མེད་རུང་། མི་མང་གི་རེ་བ་བཞིན་ཁོང་གྲོས་ཚོགས་ལ་ཞུགས་རྒྱུར་ཁས་བླངས་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་བྷན་ཀི་མཱོན་འབར་མའི་བྱང་ཕྱོགས་ཤཱན་མངའ་སྡེ་ལ་ཕེབས་པ་དང་། དེར་འཛམ་གླིང་ནང་དུག་རྫས་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་པས། དུག་རྫས་མེད་པ་བཟོ་བའི་ལས་གཞི་འགོ་བཙུགས་ཡོད་པ་རེད། རྒྱལ་ཚོགས་ཀྱིས་འབར་མར་རྒྱལ་སྤྱིའི་ཁྲིམས་འགལ་བྱས་པའི་ཉེས་པ་དང་དམ་དྲག་ཆུང་དུ་གཏོང་རྒྱུར་འབོད་སྐུལ་ཞུས་ཡོད་པ་རེད།

ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་འགན་འཛིན་ཁ་ཐ་རཱིན་ཨཤ་ཏོན་གྱིས་རེས་གཟའ་སྤེན་པའི་ཉིན་འབར་མའི་ནང་གཞུང་ཚབ་དང་དབང་ཚད་མཉམ་པའི་ལས་ཁུངས་ཤིག་སྒོ་ཕྱེ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།