མཁན་པོ་ནི་འབུམ་རམས་པའི་བསླབས་གནས་ཀྱི་མིང་ཡིན་ནམ།
(སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་གི་བསླབས་གནས་ལམ་ལུགས་ལེགས་བཅོས་དང་འབྲེལ་བའི་བསམ་ཚུལ)
རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ། །
ས་གཞི་འདི་དང་སྤྱི་ཚོགས་ཧྲིལ་པོ་འདི་ཧ་ཅང་མྱུར་བའི་སྒུལ་ཤུགས་ཀྱི་འཕོ་བསྐྱོད་དང་བསྡོངས་ནས་འགྱུར་གྱིན་ཡོད་པའི་དུས་ཚོད་འདིར་སུ་ཡང་དེའི་ཤུགས་རྐྱེན་ལས་གཡོལ་མི་ཐུབ་པ་ཡིན།
འགྱུར་བ་འདི་དག་གིས་ང་ཚོ་ལ་དཀའ་ངལ་འཕར་མ་ཧ་ཅང་མང་པོ་ཞིག་སྤྲོད་རྒྱུ་གཏན་ཁེལ་ན་ཡང་།ཕྱོགས་གཞན་ཞིག་ནས་གོ་སྐབས་ཀྱང་མང་པོ་ཞིག་སྤྲོད་ཀྱིན་ཡོད།
དེ་ནི་དཔེར་ན། བརྡ་འཕྲིན་བསྡུ་ལེན་དང་འགྲུམ་འགྲུལ་འགྲོ་འོང་། རིག་གནས་དང་བསམ་བློ་ནང་འདྲེན་གྱི་མཐུན་སྦྱོར་ལྟ་བུ་ཡིན།
སྣང་ཚུལ་འདི་རིགས་ཀྱིས་ང་ཚོའི་བློ་སྒོ་འབྱེད་པར་བྱེད་ཅིང་། དེ་ཉིད་རང་གི་རིག་གནས་སྲུང་འཛིན་གྱི་སྒུལ་ཤུགས་སུའང་འགྱུར། མིག་དཔེ་གཞན་ལ་བརྟེན་ནས་རང་ཉིད་ཀྱི་རིག་གཞུང་གི་གནས་སྟངས་ལ་ལེགས་པའི་བཅུད་འཁོ་འདོན་བྱས་ཏེ། རྒྱུན་མི་འཆད་པར་གསོན་ཤུགས་སྦྱིན་པར་བྱས་ཐོག་རིག་གནས་གཞན་དག་གི་འཕེལ་རྒྱས་ཀྱི་འགྲོ་སྟངས་དང་དཔུང་པ་མཉམ་གཤིབས་བྱེད་དགོས། དེ་ནི་གནད་འགག་ཡིན།
ངས་ལྟ་སྟངས་འདིའི་ཐོག་ནས་ང་ཚོ་སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་གི་བསླབས་གནས་ཀྱི་རིམ་པ་དབྱེ་སྟངས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་གཅིག་གཉིས་ཤིག་གི་ཐོག་ལ་བསམ་ཚུལ་ཞིག་འདོན་རྒྱུ་ཡིན།
ང་ཚོས་མིག་སྔའི་སློབ་གཉེར་ལམ་ལུགས་ལེགས་བཅོས་ཁྲོད་ཀྱི་ཐུགས་སྣང་དགོས་ངེས་ཀྱི་གནད་དོན་ཞིག་ནི་བཤད་གྲྭ་ཁག་གི་བསླབས་གནས་ཀྱི་རིམ་པ་དབྱེ་ལུགས་དང་། མཚན་གནས་སྤྲོད་ཕྱོགས་སོགས་ཀྱི་སྐོར་ཡིན། འདི་ང་ཚོས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། མཐུས་སྒོ་ཚང་བའི་ཕྱོགས་སུ་ལེགས་བཅོས་བྱེད་དགོས། འོན་ཀྱང་དེ་ནི་གང་ཟག་གཅིག་གཉིས་ཤིག་དང་དགོན་པ་གཅིག་དང་གཉིས་ཤིག་གིས་སྒྲུབ་ཐུབ་པ་ཞིག་མ་རེད། ད་ལྟའི་གནས་བབ་ཀྱི་དབང་དུ་བཏང་ན་གྲུབ་མཐའ་ཁག་ཚང་མས་གཅིག་གྱུར་ཀྱི་གཏན་འབེབས་ཤིག་ཡོང་རྒྱུར་དེ་བས་ཀྱང་བར་ཐག་ངེས་ཅན་འདུག
བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་ནས་རི་བོ་དགེ་ལུགས་པ་ཁོ་ནར་འདིའི་ཐད་སྤྱིའི་ཆ་ནས་ང་ཚོའི་མིག་དཔེར་འོས་པའི་སློབ་གཉེར་དང་། བསླབས་གནས་རིམ་འཕར་དང་དཔང་འཁྱེར་གྱི་ལམ་ལུགས་ཡག་པོ་ཡོད།
སྔ་འགྱུར་གྱི་ཕྱོགས་འདིར་མཚོན་ན། ད་ཡོད་བསླབས་གནས་ཀྱི་ལམ་ལུགས་ལེགས་བཅོས་དང་ཁ་སྣོན་གྱི་ལམ་ནས་གཅིག་གྱུར་རང་བཞིན་དང་། ཚད་འཛིན་རང་བཞིན་ཆེས་ཆེར་ལྡན་པའི་ལམ་ཕྱོགས་འཐུས་སྒོ་ཚང་བ་ཞིག་ངེས་པར་གཏན་གཏན་འབེབས་ཐུབ་དགོས་ཤིང་། དེ་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཁོ་ནས་རང་ཉིད་ཀྱི་དངོས་ཡོད་ཀྱི་ནུས་པ་དང་ཆེ་མཐོང་ལ་བརྟེན་ནས་གནང་ཐུབ་པ་ཞིག་རེད། དེས་ན་སྒར་དེ་ཉིད་ཀྱི་ཆེས་མཐོའི་སློབ་སྟོན་ཁང་གིས་གཙོ་འགན་འཁུར་བའི་ཁར། བོད་ཕྱི་ནང་དང་ཧི་མ་ལ་ཡའི་ལྗོངས་ཀྱི་འབྲུག་དང་བལ་པོ་བཅས་ཚུད་པའི་སྔ་འགྱུར་གྱི་བཤད་སྒྲུབ་ཀྱི་བསྟི་གནས་ཁག་ཆེན་པོ་དག་གི་སྐུ་ཚབ་ཀྱི་གྲུབ་ཆ་ལྡན་པའི་ཆེས་མཐོའི་སློབ་གཉེར་ལྷན་ཚོགས་ཀྱིས་འདིའི་ཐད། ཉམས་ཞིབ། བགྲོ་གླེང་། གོ་བསྡུར་བཅས་བརྒྱུད་ནས་གཏན་འབེབས་ལས་དོན་གྱི་རྐང་འགན་འཁུར་འོས།
དུས་མཚུངས་གཏན་འབེབས་ཀྱི་གྲུབ་དོན་ཁག་སྔ་འགྱུར་གྱི་བཤད་གྲྭ་ཡོངས་ཀྱིས་གཅིག་གྱུར་གྱིས་དང་ལེན་གནང་རྒྱུ་དེ་བསྟན་པ་སྤྱི་ལ་གལ་ཆེ་བ་ཡིན་པས་བཤད་གྲྭ་སོ་སོའི་ངོས་ནས་ཀྱང་ཨ་བྲའི་ཁྱག་ཚད་ཀྱི་འཇག་མའི་དཔེ་ལྟར་གནང་དགོས།དེ་གྲོས་ཆོད་ལག་ལེན་དུ་བསྟར་བའི་གོམ་པ་དངོས་རེད།
ལོ་སྔ་མར་རྒྱལ་བསྟན་དར་སྤེལ་ཚོགས་པས་གོ་སྒྲིག་འོག་མདོ་ཁམས་ཨ་རིག་ཆོས་སྒར་དུ་རྫ་ཆུ་ཁའི་རྙིང་དགོན་ཡོངས་རྫོགས་མཉམ་ཞུགས་ཀྱིས་རྒྱུགས་སྤྲོད་ཚོགས་ཆེན་ཚུགས་ཡོད་པ་དང་།དེ་ཡང་གཟུ་དཔང་སོགས་བླ་རུང་ནས་གནང་བའི་ཁར། དགོན་ཁག་སོ་སོས་དགེ་མཚན་ལྡན་པའི་ཆ་ཤས་བླངས་པ་གོ་ཐོས་བྱུང་། དེ་རིགས་ནི་མ་འོངས་སྔ་འགྱུར་གྱི་སློབ་གཉེར་ལམ་སྲོལ་གཅིག་གྱུར་ཅན་ཏུ་འགྱུར་རྒྱུའི་སྔོན་ལྟས་བཟང་པོ་ཞིག་རེད་བསམ་ཡོད།
འོན་ཀྱང་། ད་བར་སྔ་འགྱུར་གྱི་ཕྱོགས་འདིར་མཚོན་ན་མཁན་པོ་སོགས་ཀྱི་མཚན་གནས་འདོག་སྟངས་ཐད་མཐུས་སྒོ་ཚང་བའི་ལམ་སྲོལ་ཞིག་ཚུགས་མེད་ལ། གཅིག་གྱུར་གྱི་འགྲོ་སྟངས་ཟེར་བ་ཞིག་ནི་དེ་བས་ཀྱང་བཤད་དུ་མེད་པ་ཞིག་རེད། དེས་ན་ད་ནས་མཁན་པོ་སོགས་ཀྱི་མཚན་གནས་འདོགས་རྒྱུ་དེ་ཡང་ངེས་པར་སྒོ་དམ་དུ་གཏོང་དགོས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མཚོན་ན་སྔ་མོ་ནས་དུས་ཐུང་སློབ་གཉེར་གྱི་དུས་རིམ་ནང་མཁན་པོའི་མཚན་གནས་གནང་རྒྱུར་མོས་མཐུན་མི་གནང་མཁན་གྱི་གྲས་ཡིན་པར་ཐོས་ཤིང་།དུས་ཕྱིས་བླ་རུང་སྒར་གྱི་སློབ་སྟོན་ཁང་གི་ངོས་ནས་ཀྱང་མཁན་པོའི་མཚན་གནས་འབུལ་ཕྱོགས་ལ་འགྱུར་བ་བཏང་དང་གཏོང་བཞིན་ཡོད་ལུགས་གོ་བས་དེ་དག་གི་དགོངས་གཞི་ནི་ང་ཚོའི་ལེགས་བཅོས་ཀྱི་རྨང་གཞི་ཞིག་རེད།
རི་བོ་དགེ་ལུགས་པར་མཚོན་ན། དགེ་ལུགས་རྒྱུག་སྤྲོད་ཆེན་མོ་བརྒྱུད་ནས་ལྷ་རམས་པའི་ཕྱག་འཁྱེར་བཞེས་རྒྱུར་ངེས་པར་མི་ལོ་ཉི་ཤུ་ལྷག་གི་སྦྱོང་བརྡར་བརྒྱུད་དགོས་པ་དང་།ཁོང་དག་གི་ལམ་སྲོལ་ལ་ཡང་ཕྱི་ཕྱོགས་ཀྱི་གདན་ས་གསུམ་ལ་མཚོན་ན་དགོས་ངེས་ཀྱི་ལེགས་བཅོས་མང་པོ་གནང་དང་གནང་བཞིན་ཡོད་པར་མ་ཟད།ད་ལྟའི་ཆར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བརྒྱུད་རིམ་དང་འགྲོ་སྟངས་ནི་ཧ་ཅང་ཡར་ཐོན་ཅན་དུ་གྱུར་ཟིན།
དེ་བཞིན་སྤྱི་ཚོགས་ཐོག་གི་སྤྱིར་བཏང་གི་སློབ་གྲྭ་ཁག་གིས་ཀྱང་རང་ཉིད་ཀྱིས་སློབ་ཆུང་ནས་དམའ་འབྲིང་། མཐོ་འབྲིང་། མཐོ་སློབ། ཞིབ་འཇུག་སློབ་སློབ་གླིང་བཅས་ཀྱི་སློབ་གཉེར་གྱི་ལམ་བུ་བརྒྱུད་ནས་ཆེས་མཐོའི་འབུམ་རམས་པ་ཞིག་ཐོན་པར་མི་ཚེ་ཕྱེད་ཀའི་དུས་ཡུན་ཕལ་ཆེར་གཏོང་གིན་འདུག
འོན་ཀྱང་ང་ཚོ་རྙིང་མ་དང་བཀའ་བརྒྱུད་ཕྱོགས་ཀྱི་མཁན་པོ་དེ་དག་གི་བསླབ་འཕངས་ཀྱི་འགྲོ་སྟངས་དེ་ལ་གཏན་ཁེལ་བ་དང་བློ་ཡིད་ཚིམས་པའི་ས་མཚམས་ཞིག་མེད། དེ་ནི་དངོས་ཡོད་རེད།
ཕྱོགས་གཅིག་ནས། མཁན་པོ་ནི་བཤད་གྲྭ་ཁག་གི་སློབ་གཉེར་རྩེར་སོན་གྱི་བསླབས་གནས་ཀྱི་མིང་རེད།དེ་ལྟར་ན་མཁན་པོ་ནི་ནང་བསྟན་རིག་གནས་ཀྱི་འབུམ་རམས་པ་རེད། དེའི་ཕྱིར། ཕྱི་མི་མང་པོ་ཞིག་གིས་ཁྱེད་རྣམ་པ་ན་གཞོན་གྱི་དུས་འདི་འདྲ་ཞིག་ནས་མཁན་པོའི་མཚན་གནས་བཞེས་པ་ནི་རྣམ་དཔྱོད་ཀྱི་ཀློང་བརྡོལ་བ་ཁོ་ན་ཡིན་ས་རེད་ཟེར་ནས་ཧ་ལས།
ཡང་མང་པོ་ཞིག་གིས་རང་ཉིད་མཁན་པོ་ཡིན་པ་དང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་འབུམ་རམས་པའི་གོ་གནས་རེད་ཅེས་ཁས་འཆེས་པར་མ་ཟད། རང་ཉིད་ཀྱི་བྱང་བུའི་ཐོག་གི་མཁན་པོ་ཞེས་པའི་མིང་གི་མཐའི་གུག་རྟགས་ཀྱི་ཁུངས་སུ་ཡང་ནང་བསྟན་རིག་པའི་འབུམ་རམས་པ་ཞེས་པའི་གསལ་བཤད་ཀྱི་ཡི་གེ་བྲིས་པ་མཐོང་རྒྱུ་ཡོད།
འོན་ཀྱང་ང་ཚོ་རང་ཉིད་ཐེ་བའི་མཁན་པོའི་མཚན་འཛིན་པ་མང་པོ་ཞིག་ད་སྔའི་སློབ་གཉེར་གྱི་བརྒྱུད་རིམ་བམ། སྦྱངས་རབས་དེ་བློ་བདེ་བ་ཞིག་བྱུང་མེད། འཛམ་བུ་གླིང་འདིར་ཞིབ་འཇུག་གི་དཔྱད་རྩོམ་དང་། ཐ་ན་སློབ་ཆེན་གྱི་རྒྱུག་སྤྲོད་ཀྱི་འགྲོས་ཀྱི་འགྲོ་སྟངས་ཙམ་ཡང་མ་བརྒྱུད་པའི་འབུམ་རམས་པ་ཞིག་ཇི་ལྟར་བྱས་ནས་འཁྲུངས་པ་རེད།འགྲོ་སྟངས་འདི་བྱས་ན་ང་ཚོ་མང་པོ་ཞིག་ནི་འཛམ་བུ་གླིང་གི་ལོ་ན་ཆུང་ཤོས་ཀྱི་འབུམ་རམས་པར་ངོས་འཛིན་བྱེད་འོས།
མ་གཞི་ང་ཚོའི་སློབ་གཉེར་གྱི་གནས་རིམ་སོ་སོའི་དབྱེ་མཚམས་གསལ་བའི་བསླབ་གནས་ཀྱི་མིང་ཚིག་ལ་ཡང་ཁ་གསལ་དེ་ཙམ་མེད། འདི་ནི་མི་སྒེར་གྱི་ནོར་འཁྲུལ་ཙམ་མིན་པར་སློབ་གཉེར་གྱི་ལམ་ལུགས་ཀྱི་ཞན་ཆ་ཡང་ངེས་པར་དུ་ཚུད་ཡོད།
སྤྱིར་ཚང་མ་སྐྱེས་ཙམ་ཉིད་ནས་མཁན་པོ་ཆགས་སོང་ན་ཡང་དགའ་བ་ལས་ཅི་ཡོད་དེ། དོན་དངོས་ནི་དེ་འདྲ་ཞིག་མ་རེད། ཆུང་དུས་ནས་མཁན་པོ་སོགས་ཀྱི་མིང་ཙམ་ཞིག་བཏགས་པ་ཡིན་ན་ཕྱོགས་གཅིག་ནས་སྤྱོད་ལམ་དང་སློབ་སྦྱོང་སོགས་ཀྱི་ཐད་འགན་འཁྲིིའི་འདུ་ཤེས་ཅུང་ཟད་ཅིག་བསླེབས་པར་འགྱུར་ཞིང་། མཚན་གནས་རྗེས་འབྲེལ་གྱི་ཕྱག་ལས་ཀྱང་གང་འཚམས་གནང་ཐུབ་པའི་དགེ་མཚན་ཡོད་ངེས་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་མུ་མཐུད་ཐོས་བརྩོན་འཚོལ་སྙེགས་ཀྱི་དམིགས་འབེན་ལ་བསླེབས་ཟིན་པ་ལྟར་གྱུར་ཏེ། མི་ཚེའི་ཆེད་སྦྱོང་སློབ་གཉེར་གྱི་ལོ་ཟླ་མཇུག་སྒྲིལ་དུ་འཇུག་གིན་ཡོད། སྒེར་ངོས་ནས་ཁོར་ཡུག་འདིའི་འཚོ་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཆ་ནས་སྐད་ཆ་འདི་ནི་ཧོབ་བཤད་རང་མིན། འདིས་གང་ཟག་བྱེ་བྲག་པའི་མུ་མཐུད་ཟབ་སྦྱོང་གི་ལམ་ནས་ཤེས་བྱ་ཁ་སབ་རྒྱུན་མི་འཆད་པར་བསྡུ་ལེན་བྱེད་པའི་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་སྤྲོད་ཀྱིན་ཡོད།
དེང་སང་གི་དུས་ཀྱི་རྒྱལ་སྤྱིའི་སློབ་གཉེར་ལམ་ལུགས་ལ་མཚོན་ན། ཐེག་པ་རིམ་འཛེགས་ཀྱི་འགྲོ་སྟངས་ཡོད་པར་མ་ཟད། ཐོབ་ཐང་དང་རིམ་པ་མི་འདྲ་བའི་བསླབས་གནས་དང་བསླབས་གནས་དཔང་ཡིག་གི་ཚད་གཞི་ཡོད། དེ་བཞིན། མིང་གནས་རྗེས་འབྲེལ་གྱི་མཐོང་དང་ཆ་འཇོག་སློབ་ཚན་སོགས་ཧ་ཅང་ཁ་གསལ་ཡིན། དེ་དང་མཚུངས་པའི་གཞི་བྱེ་བྲག་པའི་ཐོག་ལ་ཞིབ་འཇུག་བྱས་པའི་རིག་གཅིག་རྐང་འཛིན་པ་ཞེས་པའི་ཆེད་ལས་ཀྱི་སློབ་ཐོན་པ་ཡང་ཡོད།
ཆེད་ལས་པའམ་ཁྱད་ལས་པ་དང་། རིག་གཅིག་རྐང་འཛིན་ཟེར་བ་འདི་རིགས་ལ་སྒྲ་ཡངས་དོག་གི་མཇུག་ཚུལ་དང་མཚན་ཉིད་མི་འདྲ་བ་ཡོད་འདུག་ན་ཡང་། ང་ཚོས་ཀྱང་འགྲོ་སྟངས་འདིའི་ཐོག་ནས་རིག་གནས་བཅུ་ལ་སློབ་སྦྱོང་བྱ་འོས་པ་དང་ཐུབ་པ་ཞིག་ཡིན་པར་མཁས་པ་ཚོས་དགོངས་ཚུལ་བཏོན་གནང་མྱོང་།
སྟབས་ལེགས་པ་ཞིག་ལ་ད་སྔོན་ཧ་ཅང་ཕུལ་དུ་བྱུང་བའི་མཁན་པོ་ཁྱད་པར་བ་ཁ་ཤས་ཀྱི་མཚན་གྱི་འོད་ཟེར་གྱི་འོག་ནས་ང་ཚོས་ཀྱང་ཆེ་མཐོང་ཡག་པོ་ཞིག་རག་ཡོད། འོན་ཀྱང་མུ་མཐུད་དེ་ལྟར་བསྡད་ན་མི་འགྲིགས། ང་ཚོ་དུས་དང་བསྟུན་ནས་འགྲོ་རྒྱུ་ནི་གཡོལ་དུ་མི་རུང་བ་ཞིག་རེད།
ཡང་བླ་མ་གོང་མ་རྣམ་པས་མཁན་པོ་སོགས་ཀྱི་མཚན་གནས་ལ་ཅུང་གུ་ཡངས་གནང་བ་ནི་སྐབས་དེའི་བསྟན་པའི་གནས་བབ་དང་འབྲེལ་བ་ཡོད། དཔེར་ན། བོད་ནང་གི་བཅོས་སྒྱུར་སྒོ་འབྱེད་ཟེར་བའི་ཐོག་མའི་དུས་རིམ་ལ་མཚོན་ན། སྤྱོད་འཇུག་དང་སྡོམ་གསུམ་ཚིག་འགྲེལ་ཤེས་པ་ཞིག་ཀྱང་ཧ་ཅང་རྙེད་དཀའ་བའི་དུས་ཚོད་ཡིན་པས་ད་ལྟ་དང་མི་འདྲ། དེ་ནི་དཔེར་ན། རྒྱལ་ཁབ་ཞིག་ཐོག་མར་འཛུགས་སྐབས་གཞི་རིམ་གྱི་ཤེས་ཡོན་ཙམ་ཡོད་པས་ཀྱང་གོ་གནས་དང་ལས་ཀ་མཐོན་པོ་བྱེད་ཐུབ་ལ། ཤེས་ཡོན་ལམ་ལུགས་མཐུས་སྒོ་ཚང་དུ་ཕྱིན་ཅིང་། མི་རྣམས་ཀྱི་འཚོ་བ་དང་རིག་གནས་ཀྱི་ཆུ་ཚོད་གོང་མཐོར་ཕྱིན་པའི་དུས་མཚུངས་སུ་འབུམ་རམས་པས་ཀྱང་ཡིག་སྐྱེལ་བ་བྱེད་སྲིད་པ་ཡིན། དེ་ནི་བསམ་ཤེས་ཐུབ་པ་ཞིག་རེད།
འདས་པ་ནི་དེ་ལྟར་ཡིན་དུ་ཆུག་ཀྱང་།དུས་ཚོད་རིམ་གྱིས་འགྱུར་བ་དང་བསྟུན་ནས་ང་ཚོས་ཀྱང་བྱེད་ཕྱོགས་མང་པོ་ཞིག་གཞན་གྱི་རྗེས་ཆོད་ངེས་ཀྱི་ལེགས་བཅོས་བྱེད་དགོས།
གང་ལྟར། ད་ནས་ང་ཚོས་བླ་རུང་ལྟ་བུའི་ཕུན་སུམ་ཚོགས་པའི་ཆོས་ཀྱི་བསྟི་གནས་ཀྱི་ཕྱག་བཞེས་ཚད་དུ་བཞག་ནས་སློབ་གཉེར་ལམ་ལུགས་ཀྱི་འགྲོ་སྟངས་མང་པོ་ཞིག་ངེས་པར་དུ་ལེགས་བཅོས་དང་གཅིག་གྱུར་བྱེད་དགོས།
ཁ་གསང་པོ་བྱས་ནས་བཤད་ན།དགོན་པ་རེ་རེ་བཞིན་གྱི་བཤད་གྲྭའི་སློབ་ཐོན་པར་མཁན་པོའི་མིང་འདོགས་པ་འདི་ཚད་ངེས་ཅན་ཞིག་གི་ཐོག་ནས་ཚོད་འཛིན་དང་རྩིས་མེད་བྱེད་དགོས། དགེ་ལུགས་ལ་མཚོན་ན། གདན་ས་གསུམ་ལས་གཞན་པར་དགེ་བཤེས་ཀྱི་མཚན་གནས་འདོགས་པའི་ཐོབ་ཐང་ཡོད་པའི་མཚན་ཉིད་ཀྱི་གྲྭ་ས་ཧ་ཅང་ཉུང་ཉུང་ཞིག་ལས་མེད།
དེས་ན། དགོན་པ་སོ་སོས་རང་ཉིད་ཀྱི་བཤད་གྲྭའི་སློབ་གཉེར་བ་དག་གི་སློབ་གཉེར་ཚད་ངེས་ཅན་ཞིག་ལ་སླེབས་སྐབས་དྲག་འདེམས་ཀྱིས་སྤྱི་མོས་ཀྱི་ཚད་འཛིན་ཡོད་པའི་བཤད་གྲྭ་ཆེན་པོ་ཁག་ཅིག་ཏུ་གཏོང་། དེ་ནས་རིམ་པ་ངེས་ཅན་ཞིག་ལ་སླེབས་མཚམས་བླ་རུང་སྒར་དུ་གཏོང་བའམ། ཡང་ན་ཐད་ཀར་བླ་རུང་དུ་བཏང་སྟེ། དེ་ནས་ཟབ་སྦྱོང་རང་བཞིན་གྱི་སློབ་སྦྱོང་ཐོབ་པ་བྱས་ཏེ།ནང་བསྟན་གྱི་ཆེས་མཐོའི་བསླབས་གནས་དཔང་འཁྱེར་བཞེས་དགོས་ཤིང་། དེ་ནི་སྔ་འགྱུར་རྙིང་མའི་རིམ་པ་མཐོ་ཤོས་ཀྱི་བསླབས་གནས་སུ་ཆ་འཇོག་དང་ངོས་འཛིན་ཞུ་དགོས།
དེའི་མིང་ལ་མཁན་པོ་འདོགས་རྒྱུ་ཡིན་ནམ་མཁན་པོ་ནི་བསླབས་གནས་ཀྱི་རིམ་པ་བར་མ་ཞིག་ཏུ་གཏན་འབེབས་བྱ་རྒྱུ་ཡིན་སོགས་ནི་གོང་ཞུས་ལྟར་ཆེས་མཐོའི་སློབ་གཉེར་ལྷན་ཚོགས་ཀྱིས་གཏན་ལ་འབེབས་དགོས། རྒྱ་གར་རྣམ་གྲོལ་གླིང་བཤད་གྲྭར་མཚོན་ན་མཁན་པོ་མ་ཐོན་པའི་གོང་དེར་སློབ་དཔོན་ཞེས་པའི་གནས་རིམ་ཞིག་ཡོད་ཅིང་། ཝ་ར་ན་སི་སོགས་སུ་བསྟན་བཅོས་དང་། སློབ་དཔོན། གཙུག་ལག་རབ་འབྱམས་པ། རིག་མཚོ་སོགས་རིམ་པ་མི་འདྲ་བའི་བརྒྱུད་རིམ་གྱི་རྣམ་གྲངས་ཡོད་པ་དག་དང་། སྔོན་གྱི་ས་སྐྱའི་ཕྱོགས་དང་སྨིན་གླིང་སོགས་སུ་གྲགས་པའི་བཀའ་བཞི་དང་། བཀའ་བཅུ། འབུམ་རམས་པ། སྔགས་རམས་པ། རབ་འབྱམས་པ་ལྟ་བུ་བོད་རང་གི་ལོ་རྒྱུས་ཐོག་བྱུང་ཟིན་པའི་བསླབས་གནས་ཀྱི་ཐ་སྙད་ཁག་ཀྱང་དཔྱད་གཞིར་འཛིན་འོས།
རྒྱལ་ཁབ་དག་གིས་ཀྱང་རང་ཁོངས་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་བཟང་ཤོས་དག་དྲག་འདེམས་ཀྱིས་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་གཏོང་ཞིང་།སློབ་མཐར་ཕྱིན་རྗེས་སླར་ཡང་ཕྱིར་ལོག་ནས་རྒྱལ་ཁབ་ཀྱི་ཆེད་དུ་ཞབས་ཏོག་ཞུ་རྒྱུའི་གན་རྒྱ་འཇོག་པ་སོགས་བྱེད་ཀྱིན་ཡོད་མ་རེད་དམ།
སློབ་གཉེར་གྱི་ནང་དོན་མི་འདྲ་ཡང་།སློབ་གཉེར་བྱེད་སྟངས་ཀྱི་ཆ་ནས་རྒྱལ་སྤྱིའི་འགྲོ་སྟངས་ཁག་ལ་མིག་དཔེ་ལྟ་རྒྱུ་ནི་གལ་ཆེན་རེད། དེས་ན་དགོན་པ་སོ་སོས་ཀྱང་ཤེས་རབ་ཅན་སྒྲོག་ཏུ་མི་བཙུད་ནས་མི་འཇོག་པར་གྲྭ་སའི་རྒྱ་མཚོ་ཆེན་པོར་རྣམ་དཔྱོད་ཀྱི་སྐྱལ་རྩལ་སྦྱོང་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།འོན་ཀྱང་། བཤད་གྲྭའི་གྲྭ་པ་ཚང་མ་གང་འདོད་དུ་འགྲོ་བཅུག་ན་བཤད་གྲྭ་དེའི་ངོས་ནས་དཀའ་ངལ་འཕྲད་མི་སྲིད་པ་མིན་པས། གོང་བཤད་ལྟར་རྒྱུགས་འབྲས་སོགས་སློབ་སྦྱོང་གི་གནས་རིམ་ལེགས་ཤོས་ཀྱི་ཁྲོད་ནས་རྩེ་བཏོག་གིས་དགོས་ངེས་ཀྱི་ཆ་རྐྱེན་ཚང་བའི་རིགས་རེས་མོས་ཀྱིས་དུས་ཚོད་ངེས་ཅན་གྱི་ནང་མངགས་གཏོང་བྱེད་པ་ལྟ་བུའི་ལམ་ལུགས་ཚད་ལྡན་ཞིག་བཟོ་ཐུབ་དགོས། དེ་འདྲ་བྱུང་བ་ཡིན་ན་དེ་ནས་ཕལ་ཆེར་དཀའ་ངལ་འཕྲད་ཀྱི་མ་རེད།
ལམ་ལུགས་ནི་ཞིང་ཆུ་འདྲེན་སའི་ཡུར་བ་ལྟར་གལ་ཆེ་ན་ཡང་། ལམ་ལུགས་དེ་རྒྱུ་མཚན་ལྡན་པ། ཚད་ལྡན་ཅན། ཀུན་གྱིས་ཁས་ལེན་དུ་གཏུབ་པ་ཞིག་གཏན་འབེབས་ཐུབ་རྒྱུ་ནི་ལས་དོན་འགྲུབ་དང་མི་འགྲུབ་ཀྱི་གནད་འགག་རེད། དེས་ན་དེ་ལ་ཡང་བསམ་བློ་ཐོངས་དགོས།
སྤྱི་ལོ་༢༠༡༢ལོའི་ཟླ་༤ ཚེས་༡༣ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་དགེ་འོས་སློབ་གྲྭ་ཆེན་མོའི་སྐད་ཡིག་སྟི་གནས་ཀྱི་དཔེ་ཀློག་ཁང་དུ་རྫོགས་པར་བྲིས།