རྒྱ་ནག་གི་དམ་དྲག་འོག་ཀརྨ་དགོན་པར་ཉེན་ཁ་འདུག

ཟླ་འདིའི་ཚེས་ ༤ ཉིན་བོད་ནས་གློག་འཕྲིན་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེང་སྐབས་ཆབ་མདོ་ཀརྨ་དགོན་པའི་བླ་གྲྭ་མང་པོ་ཞིག་རྒྱ་གཞུང་གི་གནོན་ཤུགས་འོག དགོན་པ་ནས་འདུག་མ་ཐུབ་པར་ས་ཕྱོགས་གཞན་སོ་སོར་འགྲོ་དགོས་བྱུང་བཞིན་ཡོད་པ་དང་། གྲྭ་པ་དེ་དག་ལ་རྒྱ་མི་ལས་བསྒྲུབ་མི་སྣས་གྲྭ་ལོག་བྱེད་དགོས་སྐོར་ཡང་བརྗོད་བཞིན་ཡོད་འདུག

ད་ལྟ་རྒྱ་ནག་གཞུང་གིས་ཁ་བྲལ་བར་ངོ་རྒོལ་རྒྱག་དགོས་པའི་བཙན་གནོན་ཀྱི་སློབ་གསོ་དང་གནོན་ཤུགས་ཆེན་པོའི་འོག་དགོན་པ་ཉེན་ཁའི་གནས་སུ་ལྷུང་ཡོད་འདུག གཞན་ཡང་ཡུལ་ཤུལ་ས་ཆ་མང་ཆེ་བར་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་དང་། བོད་ཀྱི་ན་གཞོན་ཕོ་གསར་མང་པོ་ཞིག་དམག་ནང་དུ་ཞུགས་དགོས་པའི་བཙན་དབང་འོག་ཁྲིད་བཞིན་ཡོད་པའི་གནས་ཚུལ་ཡང་ཡོད་འདུག སྐྱེ་དགུ་མི་མང་ད་དུང་རས་གུར་ནས་སྡོད་དགོས་ཀྱི་ཡོད་པ་དང་། ཡུལ་ཤུལ་གྱི་ས་ཆ་གང་ས་གང་དུ་ལམ་ལས་ཀྱི་ལས་གཞིར་ཁ་གཡར་ནས་གཏེར་ཁ་སྔོགས་འདོན་གྱི་ལྐོག་ཇུས་མང་པོ་ཞིག་ཀྱང་འཐེན་བཞིན་ཡོད་པའི་གནས་ཚུལ་བྱུང་བཞིན་ཡོད་འདུག

མེ་སོར་གསར་འགོད་པས།