རྒྱ་ནག་ནང་དབྱིན་ཡིག་གི་གསར་ཁང་ཞིག་སྒོ་བརྒྱབ་པ།
ཨལ་ཇ་ཛི་རའི་གསར་ཁང་གི་དབྱིན་སྐད་ཀྱི་གསར་འགོད་པ་ཞིག་རྒྱ་ནག་ནས་ཕྱིར་འབུད་བཏང་རྗེས། གསར་ཁང་དེའི་དབྱིན་སྐད་སྡེ་ཚན་རྒྱ་ནག་ནང་སྒོ་བརྒྱབ་ཡོད་པ་རེད།
ཟླ་འདིའི་ཚེས་༨ གསར་ཁང་དེའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་མེ་ལི་སཱ་ཆཱན་གྱི་གསར་འགོད་པའི་ལག་ཁྱེར་དང་ཐོངས་མཆན་སོགས་རྒྱ་ནག་སྲིད་གཞུང་གིས་བསྐྱར་གསོ་བྱེད་མི་ཆོག་པ་བཟོས་པ་མ་ཟད། གསར་འགོད་པ་དེའི་ལས་ཚབ་ཀྱང་བསྐོ་མི་ཆོག་པའི་ཁྲིམས་ཆད་བཏང་འདུག གསར་འགྱུར་བརྙན་འཕྲིན་ཁང་དེས་གནད་དོན་དེ་བློ་ཕམ་གྱི་རང་བཞིན་ཡིན་སྐོར་བརྗོད་ཅིང་། རྒྱ་ནག་ཏུ་རྒྱུན་མཐུད་གནས་ཆོག་པའི་ཞུ་སྙན་འབུལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་ལ་གསར་ཁང་འདིའི་གསར་འགོད་པ་ཚོར་ཐོངས་མཆན་གྱི་དུས་ཚོད་འཕར་འགྱང་བྱེད་རོགས་ཞེས་ཁྲིམས་ལུགས་རིམ་པ་བརྒྱུད་ནས་ཞུས་ཀྱང་། ད་བར་ཁས་བླངས་མེད་པ་རེད།
མེ་སི་ས་ཆཱན་ཕྱི་ལོ་༢༠༠༧ ལོ་ནས་གསར་ཁང་འདིའི་གསར་འགོད་པ་ཡིན་པ་དང་། རྒྱ་ནག་ནང་ཁོང་གིས་ལོ་ལྔའི་རིང་གསར་གནས་༤༠༠ ཙམ་བཏང་བ་དང། དེའི་ནང་དཔལ་འབྱོར་དང་ནང་སྲིད། ཕྱི་སྲིད། ཁོར་ཡུག སྤྱི་ཚོགས་དྲང་བདེན། ངལ་རྩོལ་བའི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་བཅས་ཚུད་ཀྱི་ཡོད་པ་རེད།
གསར་ཁང་འདིའི་འགན་འཛིན་སཱ་ལ་ནེག་གིས་བརྗོད་དོན་ལྟར་ན། ང་ཚོས་རྒྱ་ནག་རྒྱལ་ཡོངས་ནང་མཚོན་པའི་གནས་ཚུལ་ཚང་མ་ཁྱབ་སྤེལ་ཨང་དང་པོ་དེ་བྱེད་ཀྱི་ཡོད་ལ། ཕྱོགས་ཀུན་གྱི་གནས་ཚུལ་ཚང་མ་གསར་འགོད་བྱས་ཤིང་། རྟག་ཏུ་འབོད་སྒྲ་སྒྲོག་མི་ཐུབ་མཁན་ཚོར་འབོད་སྒྲ་བྱས། མཚམས་རེ་འཛམ་གླིང་ས་ཕྱོགས་གང་ནས་ཡིན་ཡང་གནས་ཚུལ་སྤེལ་རྒྱུར་ཁག་པོ་ཡོད་པ་དག་ཀྱང་བཀོད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
ང་ཚོས་རྒྱ་ནག་ནང་ཁྱབ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད། རྒྱ་ནག་གི་གསར་འགྱུར་རྣམས་འཛམ་གླིང་གང་སར་རང་དབང་ངང་གསར་འགོད་བྱེད་པ་བཞིན། ང་ཚོའི་གསར་འགོད་པ་ཚོར་རྒྱ་ནག་གིས་རང་དབང་གཅིག་པ་སྤྲད་རྒྱུའི་རེ་འདུན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད། ཨལ་ཇ་ཛི་ར་གསར་ཁང་གིས་“རྒྱ་ནག་གཞུང་དང་མཉམ་དུ་མུ་མཐུད་ལས་ཀ་བྱས་ནས། པེ་ཅིང་དུ་གསར་ཁང་བསྐྱར་དུ་སྒོ་ཕྱེ་ཐུབ་པ་བྱེད་ཀྱི་ཡིན།”ཞེས་བརྗོད་འདུག རྒྱ་ནག་གིས་གསར་འགོད་པ་ཚོ་གཉའ་གཅོག་བྱེད་ཀྱིི་ཐབས་ཇུས་འཐེན་ཏེ་ཕྱི་རྒྱལ་གསར་འགོད་པ་ཚོར་འཇིགས་སྐུལ་བྱས་པ་ཞིག་ཡིན་རེད་ཅེས་བྷི་བྷི་སི་གསར་འགོད་པ་མར་ཊིན་གྱིས་བརྗོད་འདུག ཨ་རི་ནིའུ་ཡོག་ཏུ་ཡོད་པའི་གསར་འགོད་བདེ་འཇགས་ཚོགས་ཆུང་གི་སྐུ་ཚབ་ཅིག་གིས་བརྗོད་ན། གསར་འགོད་པ་ཆཱན་རྒྱ་ནག་ནས་ཕྱིར་པུད་བཏང་བ་ནི་ཕྱི་ལོ་༡༩༩༨ ལོ་ནས་བཟུང་ཕྱི་རྒྱལ་གསར་འགོད་པར་བྱུང་བའི་གནས་ཚུལ་དང་པོ་ཡིན་པ་རེད། དེ་རྒྱ་ནག་གསར་ལམ་གི་ཁོར་ཡུག་དོན་དངོས་ཉམས་ཉེས་སུ་ཡོད་པའི་མཚོན་རྟགས་ཤིག་རེད་ལ། དེས་རྒྱལ་སྤྱིའི་གནས་ཚུལ་ཁྱབ་སྤེལ་མི་དགོས་པའི་བརྡ་ལན་བཏང་བ་རེད་ཅེས་བརྗོད་ཡོད་པ་རེད། །