རྒྱ་དར་ཁྱེར་བའི་བོད་དོན་གོམ་བགྲོད་པ་གསུམ་བཀག་ཉར།

དེ་རིང་སྔ་དྲོ་བོད་བར་དུ་གོམ་བགྲོད་ལ་འགྲོ་མཁན་གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་གྱི་ས་མཚམས་སོ་ནཱོ་ལི་བརྒལ་ཏེ་བལ་ཡུལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

སྐབས་དེར་ཁོང་གསུམ་ལ་རོགས་པ་སྤྱི་འཐུས་རྨོག་རུ་བསྟན་པ་དང་། མདོ་སྨད་དབུས་རྒྱུན་གཅིག་ཡོད་འདུག བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཁག་ཅིག་ཁོང་ཚོ་བསུ་སར་ཡོང་ཡོད་པ་རེད་ཅེས་མདོ་སྨད་དབུས་རྒྱུན་ཚངས་དབྱངས་རྒྱ་མཚོས་འགྲེལ་བརྗོད་གནང་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་དང་། ལྷ་མོ་སྐྱིད། ཁོང་གཉིས་ཀྱི་ཨ་མ་ལྡོམ་པ་སྐྱིད་བཅས་ཀྱིས་འདི་ལོའི་ཕྱི་ཟླ་༣ ཚེས་༡༠ དྷ་ས་ནས་འགོ་བཙུགས་ཏེ་གོམ་བགྲོད་བྱས་ཡོད་པ་དང་། དཀའ་ངལ་འགལ་རྐྱེན་ག་རེ་འཕྲད་ཀྱང་མ་ཤི་བར་དུ་བོད་ལ་སླེབས་ཐབས་སུ་གོམ་བགྲོད་བྱེད་རྒྱུ་ཡིན་ཞེས་གླིང་ཚ་ཚེ་བརྟན་རྡོ་རྗེས་བརྗོད་ཡོད་པ་རེད།

ལྡི་ལིར་སླེབས་མཚམས་སུ་ཁོང་ཚོས་རྒྱ་གར་གྱི་རྒྱ་དར་དང་། བལ་ཡུལ་གྱི་རྒྱལ་དར། རྒྱ་ནག་གི་རྒྱལ་དར། བོད་ཀྱི་རྒྱལ་དར་བཅས་བང་བསྒྲིགས་ནས་འཕྱར་ཡོད་པས། རྒྱ་ནག་གི་དར་དམར་འཕྱར་བ་དེར་མི་མང་དང་ཚོགས་པ་ཁག་ལ་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད།།