གླིང་ཚ་ཚེ་བརྟན་རྡོ་རྗེས་བསྐྱར་དུ་གོམ་བགྲོད་འགོ་འཛུགས།

langtsa tseten dorjieགླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་བྱས་ཏེ། རྒྱ་གར་ས་མཚམས་བརྒལ་བ་དང་། ཟླ་འདིའི་ཚེས་༡༠ ཉིན་བལ་ཡུལ་ཉེན་རྟོག་པས་བཀག་འགོག་བྱས་པ་དང་། ཨ་མ་ལྡོམ་པ་སྐྱིད་ཀྱི་གཟུགས་པོར་གནོད་སྐྱོན་ཡང་བྱུང་ཡོད་འདུག

དེ་རྗེས་བལ་ཡུལ་ཉེན་རྟོག་པས་རྒྱ་གར་ནང་ཕྱིར་སློག་བཏང་ནས་ཨ་མ་རྒྱ་གར་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་༡༤ ཐོ་རངས་ཁར་ཚེ་བརྟན་རྡོ་རྗེས་གོམ་བགྲོད་བསྐྱར་དུ་འགོ་འཛུགས་བྱས་འདུག
ཁོང་གི་ཨ་མ་སྨན་ཁང་དུ་སྡོད་སའི་སྨན་ཁང་ནས་གསང་སྟབས་ཀྱིས་ཕྱིར་སོང་སྟེ། ཁ་ཉིན་བཀག་འགོག་བྱེད་སའི་ས་གནས་ནས་གོམ་བགྲོད་འགོ་བཙུགས་པ་དང་། ད་ལྟ་རྒྱ་གར་དང་བལ་ཡུལ་གྱི་ས་མཆམས་བརྒལ་ཏེ་ལུ་བི་ནེ་ཕྱོགས་སུ་བསྐྱོད་བཞིན་ཡོད་འདུག

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཁ་པར་བརྒྱུད་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་གིས་རོགས་པ་ཚོར་གསང་བ་བྱས་ཏེ་བསྐྱོད་པ་ཡིན་པས། བཅའ་ལག་གང་ཡང་ཁྱེར་མི་འདུག་ལ། ད་ལྟ་ཁོང་ལ་གོམ་བགྲོད་ཆེད་མཐུན་རྐྱེན་གང་ཡང་ཡོད་པ་མ་རེད། ཁོང་གིས་དེ་རིང་སྔ་དྲོ་ང་ཚོར་ཁ་པར་སླེབས་སོང་། ཨ་མ་དང་སྲིང་མོ་གཉིས་ཁྱེད་ཚོས་ཕྱིར་ཁྲིད་རོགས། ཁོང་མུ་མཐུད་དུ་གོམ་བགྲོད་བྱས་ཏེ་འགྲོ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག །