སྤྱི་ཚོགས་ཆུང་ཆུང་འདིར་རྒྱང་བལྟ།
བོད་གངས་ཅན་པའི་མི་རིགས་རིག་གཞུང་དང་བཅས་བ་ཆགས་འཇིག་གི་སོ་མཚམས་འདིར་ལྷག་བསམ་དང་སྙིང་སྟོབས། ལ་རྒྱ་དང་དུང་ཞེན་གྱིས་གང་དགའ་ཅི་ཕན་གྱི་ལས་ལ་བརྩོན་བཞིན་པའི་སྤྱི་ཚོགས་ཆུང་ཆུང་འདིར་རྒྱང་བལྟ་ཞིག་བྱས་ཚེ།
སྐབས་རེ་བཞིན་ཚོར་བ་གློ་བུར་བ་ཞིག་གིས་སེམས་པ་དངངས་བཞིན་འདུག ཕྱོགས་གཅིག་ནས་འདི་ནི་རི་བོང་གནམ་ལྡིབ་གྱི་སྡུག་བསྔལ་ཞིག་དང་མཚུངས།
འོན་ཀྱང་འདི་ལྟར་གསལ་བོར་བརྗོད་ན་ད་ཆ་ཆེས་ཉག་ཕྲ་བའི་སྐབས་འདི་ནི་སྤྱི་དོན་གྱི་ལས་ལ་འབད་པའི་སྤྱི་སྒེར་དང་ཚོགས་སྡེ་གང་ཡིན་ཡང་། ནང་ཕན་ཚུན་ལ་སྐྱོན་བརྗོད་དང་ཁ་གཏད་ཟུར་ཟ་སོགས་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བའི་ལས་རིགས་འཕྲད་དུ་མཚམས་འཇོག་དགོས་བའི་དུས་ཚོད་ཅིག་རེད་སྙམ། གང་ཡིན་ཟེར་ན་ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་འདི་ནར་མ་སོན་པའི་བྱིས་བ་ཞིག་དང་མཚུངས་པས་ཕན་ཚུན་འཆམ་མཐུན་དང་ལྡོག་རྩ་གཅིག་སྒྲིལ་དང། གཅིག་ལ་གཅིག་བརྟེན་གྱིས་གསོ་སྐྱོང་བྱེད་པ་ལས་བསམ་བློའི་གོ་རྟོགས་ཚད་མཐོར་སླེབས་པའི་སྟོབས་ཆེན་རྒྱལ་ཁབ་ལ་ལད་ཟློས་བྱེད་པའི་དུས་ཚོད་དུ་སླེབས་ཨེ་ཡོད་སྙམ། དཔེར་ན་ད་ལྟའི་ཆར་ཡང་བོད་དོན་འཐབ་རྩོད་པ་མ་བུ་གསུམ་གྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ཆེས་ཉེན་ཁར་འཕྲད་བའི་སྐབས་འདིར་གླེང་སློང་སྣ་ཚོགས་བྱུང་བས་ཕྱོགས་ཡོངས་ནས་བསམ་ཤེས་དང་གུ་ཡངས་བྱེད་པའི་དུས་ལ་བབས། ཁྱད་པར་དུ་ཁོང་མ་བུ་གསུམ་ལ་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་དག་གིས་སྨྲ་བརྗོད་དང་སྤྱོད་ལམ་ལ་གཟབ་ནན་བྱེད་པའི་རེ་བ་ཞུ། ཁོང་མ་བུ་གསུམ་གྱིས་བོད་མི་ཡོངས་ལ་འཆམས་མཐུན་དང་ལྡོག་རྩ་གཅིག་སྒྲིལ་ཡོང་ཆེད་ཡོད་ཚད་བློས་བཏང་གི་གྲུབ་འབྲས་མ་ཐོན་བར་ལྡོག་ཕྱོགས་ནས་དོན་རྐྱེན་བྱུང་ན་ཆེས་བློ་ཕམ་གྱི་གནས་རེད། ལྷག་དོན་དུ་གོ་སྐབས་འདི་ལྟ་བུ་དམ་འཛིན་གྱིས་ཆོལ་ཁ་དང་ཚོགས་སྡེའི་བར་དུ་ལས་དོན་ཧུར་ཐག་བྱེད་པའི་གསང་ཉུལ་བ་དག་གིས་བསམ་དོན་འགྲུབ་ཐུབ་པའི་ཉེན་ཁ་ཡོད་པས། ཕྱོགས་ཡོངས་ཀྱིས་གཟབ་ནན་གནང་རྒྱུའི་དུས་ལ་བབས་སོ།།
འབྲས་སྒོ་མང་བརྩི་བཞག་སྤྲུལ་སྐུ་གྲགས་པ་རྒྱ་མཚོས།