རྒྱ་ནག་གི་ཨོ་སི་ཊོ་ལི་ཡ་དང་ཨ་རིའི་འབྲེལ་བར་དོ་སྣང་།

བྷི་བྷི་སི་གསར་ཁང་ནས་ཟླ་འདིའི་ཚེས་༡༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཊོ་ལི་ཡའི་ཕྱི་དྲིལ་བློན་ཆེན་སྐུ་ཞབས་བྷོབ་ཁར་རྒྱ་ནག་ནས་ཕྱིར་རང་ཡུལ་དུ་འཁོར་རྗེས། རྒྱ་ནག་གི་ཨ་རི་དང་ཨོ་སི་ཊོ་ལི་ཡའི་བར་གྱི་དམག་དོན་འབྲེལ་ལམ་ཐོག་དོགས་འདྲི་བྱེད་ཀྱི་འདུག་ལ།

དམག་གི་འགྲན་རྩོད་ཀྱི་དུས་རབས་རྫོགས་ཟིན་པ་རེད་ཅེས་བརྗོད་སོང་ཞེས་གསར་འགོད་པར་བརྗོད་འདུག

ཉེ་བའི་ཆར་ཨ་རིས་ཨོ་སི་ཊོ་ལི་ཡའི་དམག་སྒར་ཡོད་སའི་ས་ཁུལ་རྣམས་ལ་ཨ་རིའི་དམག་དཔུང་རྒྱ་བསྐྱེད་བྱེད་འགོ་ཚུགས་ཡོད་པ་རེད།
ཟླ་འདིའི་ཚེས་༡༤ ཉིན་སྐུ་ཞབས་བྷོབ་ཁར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡཱང་ཅེ་ཆིན་གཉིས་ཐུག་འཕྲད་བྱས་ཤིང། རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཁེ་ཆིང་ལ་ཡང་ཐུག་འཕྲད་ཀྱིས་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གི་ཚོང་འབྲེལ་ཇེ་བཟང་དུ་གཏོང་རྒྱུར་གྲོས་བསྡུར་བྱས་ཡོད་པ་རེད།

རྒྱ་ནག་ནི་ཨོ་སི་ཊོ་ལི་ཡའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡའི་ཕྱི་ཚོང་གི་བརྒྱ་ཆའི་བཞི་ཆ་གཅིག་རྒྱ་ནག་ལ་ཕྱིར་འདྲེན་བྱེད་ཀྱི་ཡོད་ནའང་། ཨོ་སི་ཊོ་ལི་ཡའི་བདེ་སྲུང་གི་འབྲེལ་ལམ་གཙོ་བོ་ཨ་རིའི་མཉམ་དུ་ཡིན་པ་རེད། དེ་སྔོན་ཕྱི་ཟླ་༤ པའི་ནང་ཨ་རིའི་མཚོ་དམག་གི་གྲོས་མཐུན་གཞིར་བཟུང་གི་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་སུ་སྒར་བཏབ་པ་དང། འབྱུང་འགྱུར་༢༠༡༧ ལོ་ཙམ་ལ་ས་ཕྱོགས་དེར་དཔུང་དམག་༢༥༠༠ འགྲེམས་འཇོག་བྱས་ནས་རྒྱ་བསྐྱེད་གཏོང་འཆར་ཡོད་པ་རེད།

སྐུ་ཞབས་བྷོབ་ཁར་གྱིས་བརྗོད་དོན་ལྟར་ན། ཁོང་གི་རྒྱ་ནག་མཐོ་རིམ་འགོ་ཁྲིད་གསུམ་ལ་ཐུག་འཕྲད་སྐབས་སུ་ཚང་མས་ཨ་རི་དང་ཨོ་སི་ཊོ་ལི་ཡའི་བར་གྱི་དམག་འབྲེལ་ཐོག་ལ་དོགས་འདྲི་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
“གནད་དོན་ག་རེའི་སྐོར་ལ་གྲོས་བསྡུར་བྱས་རུང་། ཨ་རིའི་མཉམ་དུ་འབྲེལ་ལམ་རྒྱ་བསྐྱེད་གཏོང་ཕྱོགས་སྐོར་ལ་འདྲི་རྩད་བྱེད་ཀྱི་འདུག་”ཅེས་སྐུ་ཞབས་ཁར་གྱིས་བརྗོད་འདུག

ཡང་ཁོང་གིས་“ངའི་བསམ་པར། འགོ་ཁྲིད་གསུམ་ལ་སྐད་ཆ་བཤད་པའི་རྒྱུད་རིམ་ནས་ཁོ་ཚོའི་བསམ་ཚུལ་ག་རེ་ཡིན་མིན་ཚིག་གཅིག་གི་ནང་བརྗོད་ཐུབ་ཀྱི་འདུག དངོས་གནས་བྱས་ན། དྲག་པོའི་དམག་ཤུགས་ཐོག་འགྲན་རྩོད་ཀྱི་དུས་ཚོད་རྫོགས་ཟིན་པ་རེད་ཅེས་ཁོ་ཚོའི་ཕྱི་འབྲེལ་བློན་ཆེན་གྱིས་བརྗོད་སོང་ལ། དེ་ཏན་ཏན་རེད་”ཅེས་བརྗོད་འདུག ཨོ་སི་ཊོ་ལི་ཡའི་བསམ་ཚུལ་ལྟར་ན། ཨ་རིའི་མཚོ་དམག་ཨེ་ཤི་ཡའི་དབུས་ཁུལ་དུ་ཡོད་ན། བདེ་འཇགས་ལ་ཕན་ཐོགས་ཆེ་བ་ཡོད་སྐོར་བརྗོད་འདུག འོན་ཀྱང་ཁོང་གིས་ཨོ་རྒྱ་གཉིས་ཀྱི་རྒྱལ་ཁབ་བར་ཕན་ཚུན་བདེ་འཇགས་ཡོང་བར་བཟང་ཕྱོགས་ནས་མཉམ་སྦྲེལ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་པ་རེད།
སྐུ་ཞབས་ཁར་གྱིས་ཨོ་རྒྱའི་གཞུང་ཚབ་ཀྱི་འབྲེལ་ལམ་ཐོག་གླེང་སློང་བྱས་ཤིང་། ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་རྒྱ་རིགས་ཤིག་རྒྱ་ནག་གི་བཙོན་འཇུག་གི་དོན་རྐྱེན་ཐོག་གྲོས་བསྡུར་བྱས་འདུག་ཅེས་གསར་འགོད་པས་བརྗོད་འདུག དེའི་ལན་དུ་རྒྱ་ནག་གི་ཁྲིམས་ལ་མི་སེར་གཉིས་ཀྱི་ཐོབ་ཐང་ལ་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག  །