དབྱིན་ཡུལ་གྱི་སྲིད་བློན་མི་སུ་ལ་ཐུག་རྒྱུའི་དབང་ཆ་ཡོད་པ་རེད།

༧གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་རྒན་གཞོན་གཉིས་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་ངོས་ནི་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད། དེ་ལ་དབྱིན་གཞུང་གི་མགྲིན་ཚབ་པས་༧གོང་ས་མཆོག་ནི་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད།

དབྱིན་གཞུང་གི་དཔོན་པོ་རྣམས་ལ་རང་ཉིད་དང་བཀའ་མོལ་བྱེད་སའི་མི་དེ་གདམས་ཆོག་པའི་དབང་ཆ་ཡོད་རེད་ཅེས་གསུངས་ཡོད་པ་རེད་།

 

ཟླ་འདིའི་ཚེས་༡༤ ཉིན་༧གོང་ས་མཆོག་དང་དབྱིན་གཞུང་གི་སྲིན་བློན་རྒན་གཞོན་གཉིས་མཇལ་འཕྲད་གནང་བ་དང་། ཚེས་༡༥ ཉིན་རྒྱ་ནག་གཞུང་གིས་ཕྱི་འབྲེལ་བློན་ཆེན་གཞོན་པས་རྒྱ་ནག་ནང་ལ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་གྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་༧གོང་ས་མཆོག་དང་དབྱིན་གཞུང་གི་སྲིད་བློན་རྒན་གཞོན་གཉིས་མཇལ་འཕྲད་བྱས་པ་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིའི་༧གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་རྒན་གཞོན་གཉིས་མཇལ་འཕྲད་བྱས་པ་དེ་དབྱིན་ཇི་གཞུང་གིས་རྒྱ་ནག་ལ་མཐོང་ཆུང་གི་རྣམ་པ་ཞིག་ཡིན་པ་དང་། ༡༩༥༩ ལོ་ནས་བཙན་བྱོལ་ལ་ཕེབས་པ་དང་། དེང་སང་ཆབ་སྲིད་གྱི་ལས་གནས་ནས་དགོངས་པ་ཞུ་ཚར་མཁན་ཀྱི་བོད་བརྒྱུད་ནང་བསྟན་གྱི་༧གོང་ས་མཆོག་ནི་ཁ་བྲལ་པ་ཆེསཞེད་སྣང་ཅན་་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་ཕྱོགས་ནས་བརྗོད་དོན་”དབྱིན་ཇིས་གཞུང་གིས་རྒྱ་ནག་གིས་ཐེངས་དུ་མར་སྐད་ཆ་བཤད་པ་་དེར་སྣང་མེད་དུ་བཞག་སྟེ། ཨུ་ཚུགས་ངང་ཏཱ་ལའི་དང་སྲིད་བློན་ཆེན་ཐུག་འཕྲད་བྱས་པ་དེ་ནི། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་སེམས་ལ་གནོད་པ་བཟོས་པ་མ་ཟད། ད་དུང་བོད་རང་བཙན་པར་ནོར་འཁྲུལ་གྱི་རྟགས་མཚན་བསྟན་པས། ཀྲུང་གོའི་ཕྱོགས་ནས་ངོ་རྒོལ་བྱེད་རྒྱུ་ཡིན་” ཞེས་བརྗོད་འདུག།

ཡིན་ན་ཡང་། དབྱིན་གཞུང་གྱི་མགྲིན་ཚབ་པས་ལོན་ཊོན་ནས་རྒྱ་ནག་གི་འབྲེལ་བ་དེ་ཆད་འགྲོ་བ་མཐོང་འདོད་མི་འདུག་ལ། དེ་མ་ཟད་༧གོང་ས་མཆོག་ནི་ཆོས་ལུགས་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ཞི་བདེ་ ལས་དོན་གནང་མཁན་ཞིག་ཀྱང་རེད། དེ་བས་དབྱིན་ཇི་གཞུང་གི་སྲིད་བློན་རྣམ་གཉིས་ཀྱིས་རྒྱུན་དུ་མི་དེ་འདྲར་མཇལ་འཕྲད་བྱེད་བཞིན་ཡོད་པ་རེད། ༧གོང་ས་མཆོག་འཛམ་གླིང་ས་ཕྱོགས་ག་ས་གང་ལ་ཕེབས་ཀྱི་ཡོད་པ་དང་། དབྱིན་ཇི་ནང་ལ་ཡང་འདས་པའི་ལོའི་ནང་དུ་ཐེངས་མང་ཕེབས་མྱོང་ཡོད་པ་མ་ཟད། དབྱིན་ཇི་སྲིད་བློན་མང་པོར་མཇལ་འཕྲད་གནང་མྱོང་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།།