བོད་རང་བཙན་བྲིས་པའི་ཉེས་མིང་འོག་འཇུ་བཟུང་།
འདི་ལོའི་ཕྱི་ཟླ་༣ ཚེས་༥ ཉིན་རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ངམ་རིང་རྫོང་། གཅུང་རི་བོ་ཆེ་དགོན་པའི་གྲྭ་ཚེ་དབང་ནོར་བུ་བོད་རང་བཙན་གྱི་ཡི་གེ་བྲིས་པའི་ཉེ་མིང་འོག་འཇུ་བཟུང་བྱས་རྗེས། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་ཙམ་ཡང་ཤེས་རྟོགས་མེད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ཕྱི་ཟླ་༣ ཚེས་༥ ཉིན་རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ངམ་རིང་རྫོང་། མདོ་སྤེ་ཤང་། ཁྲི་ཁུ་གྲོང་སྡེའི་ནང་རྒྱ་ནག་གཞུང་གིས་གློག་བརྙན་ཞིག་བསྟན་ཡོད་པ་དང་། སྐབས་དེར་གྲྭ་ཚེ་དབང་ནོར་བུས་ཚོགས་ཁང་གི་ཀ་བའི་ཐོག་“བོད་རྒྱ་”ཞེས་བྲིས་ཏེ། “རྒྱ་”ཞེས་པའི་ཐོག་ནོར་རྟགས་བརྒྱབ་པ་དང་། འོག་ཏུ་བོད་རང་བཙན་ཞེས་བྲིས་པར་བརྟེན། རྒྱ་ནག་གཞུང་གི་ལས་དོན་རུ་ཁག་གིས་ཤེས་པར་བརྟེན། ཉིན་དེའི་དགོང་དྲོ་ངམ་རིང་རྫོང་གི་ཉེན་རྟོག་པ་ཡོང་སྟེ་གྲྭ་ཚེ་དབང་ནོར་བུ་འཇུ་བཟུང་བྱས་ཡོད་འདུག ད་ལྟ་ཁོང་གི་གནས་སྟངས་གང་ཡིན་དང་ས་གནས་གང་ཞིག་ཏུ་ཡོད་བཙོན་འཇུག་བྱས་ཡོད་ཙམ་ཡང་འབྲེལ་ཡོད་ཚོས་ཤེས་རྟོགས་བྱུང་མེད་པ་རེད།
ཁོང་གི་ཕ་རང་ལོ་༦༠ ཙམ་ཡིན་པའི་ཚེ་བརྟན་བཀྲ་ཤིས་ཁོང་གི་བུ་ཚེ་དབང་ནོར་བུ་འཇུ་བཟུང་བྱས་པ་ལ་ཞེད་སྣང་སྐྱེས་ཏེ་སྐུ་གྲོངས་ཡོད་འདུག གྲྭ་ཚེ་དབང་ནོར་བུ་ནི་རང་ལོ་༣༠ ཙམ་ཡིན་པ་དང་། ངམ་རིང་རྫོང་གཅུང་རི་བོ་ཆེ་དགོན་དུ་ཆོས་ཞུགས་བྱས་ཡོད་འདུག །