ཨ་མ་ལྡོམ་པ་སྐྱིད་ཀྱིས་དྷ་སར་ཟས་བཅད་ངོ་རྒོལ།

dhoba kyi1བོད་དོན་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ལྡོམ་པ་སྐྱིད་དེ་རིང་ཞོགས་པར་དྷ་སར་འབྱོར་ཏེ། ཉིན་གསུམ་གྱི་རིང་ཁོང་མ་བུ་གསུམ་གྱི་དགོས་འདུན་འགྲུབ་ཆེད་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

དེ་ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་སྲིང་མོ་ལྷ་མོ་སྐྱིད། ཁོང་གཉིས་ཀྱི་ཨ་མ་ལྡོམ་པ་སྐྱིད་བཅས་ཀྱིས། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་འགོ་བཙུགས་ཏེ་བོད་དོན་གོམ་བགྲོད་ཀྱིས། བལ་ཡུལ་ས་མཚམས་སུ་སླེབས་སྐབས་བལ་ཡུལ་ཉེན་རྟོག་པས་བཀག་འགོག་གིས། ཁོང་མ་བུ་གསུམ་ཕྱིར་རྒྱ་གར་དུ་བཏང་ཡོད་པ་རེད། dhomba kyiདེ་རྗེས་ཚེ་བརྟན་རྡོ་རྗེས་གཅིག་པུས་རྒྱ་གར་ས་མཚམས་བརྒལ་ཏེ། གོམ་བགྲོད་བྱེད་བཞིན་ཡོད་པ་དང་། ཨ་མ་དང་སྲིང་མོ་གཉིས་ཕྱིར་རྒྱ་གར་དྷ་སར་ཡོང་དགོས་བྱུང་ཡོད་པ་རེད།  ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཨ་མ་ལྡོམ་པ་སྐྱིད་དང་སྤྱི་འཐུས་མོག་རུ་བསྟན་པ་སོགས་ཁག་ཅིག་གིས་ཁོང་མ་བུ་གསུམ་གྱི་དགོས་འདུན་ཁག་འགྲུབ་ཆེད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། ཉིན་གསུམ་གྱི་རིང་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པས་ཨ་མ་ལྡོམ་པ་སྐྱིད་ལགས་སུ་བུ་མོ་གང་དུ་ཡོད་མེད་དང་མ་འོངས་པར་སློབ་གྲྭར་གཏོང་རྩིས་ཡོད་དམ་ཞེས་དྲིས་པར། ཁོང་གིས“་བུ་མོས་ནང་ལ་ངལ་གསོ་བྱས་ནས་བསྡད་ཡོད། ང་རང་གི་འདོད་པ་ལྟར་ཡིན་ན་བུ་མོ་སློབ་གྲྭར་གཏོང་རྩིས་ཡོད་པ་མ་ཟད། ད་ལྟའི་ཆར་ངའི་གཟུགས་གཞི་བདེ་པོ་མེད་པས། ང་རང་དང་ཁ་ཐག་ཉེ་སའི་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཚུད་ན་བསམ་གྱི་ཡོད་”ཅེས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཁོང་མ་བུ་གསུམ་བལ་ཡུལ་ཉེན་རྟོག་པས་བཀག་འགོག་བྱས་ཡོད་ན་ཡང་། ཚེ་བརྟན་རྡོ་རྗེས་ཨ་མ་དང་སྲིང་མོ་གཉིས་འབྲེལ་ཡོད་ལ་ཕྱིར་ཁྲིད་དགོས་པའི་རེ་བ་བྱས་ཏེ། ཁོང་གིས་མུ་མཐུད་དུ་གོམ་བགྲོད་བྱེད་ཀྱི་ཡོད་པ་རེད། །