༧གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།

ཟླ་འདིའི་ཚེས་༢༢ ཉིན་༧གོང་ས་མཆོག་གིས་ཨི་ཊཱ་ལིའི་ཊེ་རེས་ཊིའི་ས་ཁུལ་གྱི་གྲོང་ཁྱེར་ཨུ་ཌིན་དུ་ཀླད་པ་དང་སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་ཧྥ་རན་ཀོ་ཕེབ་རོ་དང་དེ་བཞིན་ལྟ་གྲུབ་སྨྲ་བ་སྐུ་ཞབས་ཝི་ཏོ་མན་ཁུ་བཅས་དང་ལྷན་འཚེ་བའི་ལས་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལམ་ནས་བསྙེན་པོ་བསྟེན་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་གསུང་དོན། འཚེ་བ་ཡིན་མིན་དེ་གཙོ་བོ་ནང་གི་ཀུན་སློང་ལ་ལྟ་དགོས། གཞན་བསླུ་བྲིད་དང་གནོད་སེམས་ཀྱི་ཀུན་སློང་འཆང་བཞིན་དུ་ངག་ནས་ཚིག་སྙན་པོ་དང་རྣམ་འགྱུར་ཡག་པོ་ཇི་འདྲ་ཞིག་བསྟན་ཡང་། འཚེ་བའི་ལས་ཆགས་ཡོད། ད་མིན་སྨན་པས་ནད་པར་གཤག་བཅོས་སྐབས་ནད་པའི་ལུས་ནས་ཤ་གཅོད་འབྲེག་བྱེད་བཞིན་ཡོད་ཀྱང་། ཕན་སེམས་ཀྱིས་ཀུན་ནས་བླངས་པར་བརྟེན་འཚེ་བའི་ལས་ཆགས་མེད་ཅེས་གསུངས་ཡོད་པ་རེད།