དམངས་གཙོ་ཚོགས་པ་ཆབ་སྲིད་ཚོགས་པར་ངོས་ལེན་དགོས།

2012_5_25 lamaདེ་རིང་ཞོགས་པར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་༦ པ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་། ཚོགས་པ་འདི་གཞུང་གིས་ཆབ་སྲིད་ཚོགས་པར་ངོས་ལེན་ཡོད་པ་བཟོ་དགོས་པ་གལ་ཆེན་པོ་རེད་ཅེས་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ ། ༡༥ སྟེང་། དྷ་ས་མེག་གྷན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་༦ པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་གཞོན་ལྷན་སྐུ་ཚབ་སྤེན་པ་ཚེ་རིང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུས་རྒྱུན་རྣམ་པ། ས་གནས་ཡན་ལག་ཁག་གི་སྐུ་ཚབ་རྣམ་པ་བཅས་མཉམ་འཛོམས་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་སོང་།

choemey_25_5_2012དེ་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡང་དྲུང་གིས་ཚོགས་ཆེན་ཐེངས་༦ པའི་དབུ་འབྱེད་གཏམ་བཤད་སྒྲོགས་སྦྱང་གནང་དོན། “ཕྱི་ལོ་༢༠༠༦ ལོར་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་མཚམས། གུས་འཆི་མེད་གཡུང་དྲུང་ཚོགས་པའི་སྒྲིག་གཞིའི་དགོངས་དོན་ལྟར་ཚོགས་གཙོ་དང་དྲུང་ཆེ་གཅིག་ལྕོག་བྱས་ཤིང་། དེ་མུར་གུས་པས་ཚོགས་པའི་ཡིག་ཚང་ཡོངས་གླིང་སློབ་གྲྭའི་འོག་ནས་ད་ཡོད་ཀྱི་བསྟན་དབང་ཁང་པའི་ནང་གནས་སྤོར་བྱས་ཏེ། ལས་ཁུངས་ཀྱི་འཛིན་ཆས་གསར་ཉོ་དང་། ཡིག་ཚགས་བསྐྱར་སྒྲིག དྲ་རྒྱ་གསར་བཟོ ཚོགས་པའི་དུས་དེབ་དང་དྲིལ་བསྒྲགས་ཡིག་ཆ་པར་སྐྲུན་དང་། ན་གཞོན་སྐོར་ཅིག་ལ་ཚོགས་པར་དང་བླངས་ལས་ཞུགས་ཀྱི་གོ་སྐབས་ཀྱང་སྤྲད་ཡོད།

2012_5_25ndptཕྱི་ལོ་༢༠༠༨ ལོར་རང་རེའི་ཚོགས་པའི་གོ་སྒྲིག་འོག མཐོ་སློབ་བོད་ཕྲུག་མི་གྲངས་༡༥ ཨི་ཊ་ལིར་ཁྲིད་ནས་ཟབ་སྦྱོང་སྤྲད་པ་དང་། ཟབ་སྦྱོང་གྲུབ་མཚམས་སློབ་ཕྲུག་རྣམས་དུས་ཐོག་ཏུ་ཕྱིར་ལོག་བྱས་ཡོད་ན། དེ་ནི་བཙན་བྱོལ་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་སྒྲུབ་མྱོང་མེད་པའི་དོན་ཆེན་ཞིག་ཆགས་ཡོད་”ཅེས་དང་།

ཡང་ཁོང་གིས་མུ་མཐུད་སྒྲོགས་སྦྱང་གནང་དོན། “དེ་མཚུངས་སུ་ད་བར་ངེད་ཚོགས་པའི་ལས་ཁུངས་ཀྱི་ཁང་གླའི་སྦྱིན་བདག་བྱེད་མཁན་Mr. Wilfried Peffer སར་ཉེ་ལམ་ང་ཚོགས་གཙོ་འཆི་མེད་གཡང་དྲུང་ཆེད་བཅར་གྱིས་རེ་བ་བྱས་པ་ལྟར། ཁོང་གིས་ཚོགས་པའི་ལས་ཁུངས་གསར་རྒྱག་གི་ཆེད་དུ་མ་དངུལ་འབུམ་༡༤ གནང་གཏན་ཁེལ་སོང་ལ། ཕྱི་ལོ་༢༠༡༢ ཟླ་བ་༤ པའི་ནང་འབུམ་༡ གནང་ཟིན་ལ། ཕྱི་ཟླ་༡༠ པའི་ནང་ལྷག་མ་འབུམ་༧ གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་”ཅེས་ལས་དོན་བྱེད་ཕྱོགས་སྒྲོགས་སྦྱང་བྱས་སོང་།

2012_5_25 lama

དེ་རྗེས་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས། “སྔོན་མ་༧གོང་ས་མཆོག་གིས་གཞུང་གི་དབུ་ཁྲིད་པའི་སྐབས་སུ། གཞུང་གི་ནང་ལ་ཚོགས་པ་མང་པོ་དགོས་པ་མཐོང་གི་མེད་ལ། སྐབས་དེར་ཚོགས་པ་མང་པོ་དགོས་ཀྱི་ཡོད་མ་རེད་ཟེར་ནས་བཤད་ཀྱི་ཡོད། ཡིན་ན་ཡང་རྗེས་སུ་༧གོང་ས་མཆོག་གིས་རྒན་ཡོལ་ཕྱེད་ཀ་དང་། རིམ་པས་རྒན་ཡོལ་ཆ་ཚང་གནང་ཡོང་དུས། ང་ཚོའི་བོད་གཞུང་དེ་དྲང་པོ་ཡོང་ཆེད་ཚོགས་པ་མང་པོ་དགོས་ཀྱི་ཡོད་པ་མཐོང་སོང་། མ་ཟད་གྲོས་ཚོགས་གོང་འོག་གི་འགྲོ་སྟངས་དགོས་ཀྱི་འདུག གང་ཡིན་ཟེར་ན། དེ་ལྟར་མ་བྱུང་བ་ཡིན་ན་ང་ཚོའིོ་གཞུང་དེ་ཚོགས་པ་དང་གང་ཟག་རེ་ཟུང་གི་འོག་ཏུ་འགྲོ་བའི་ཉེན་ཁ་འདུག་ཅེས་ངས་སྔོན་མ་ཡང་མང་པོ་བཤད་མྱོང་། མི་སྒེར་དང་ཚོགས་པ་དེ་འདྲའི་འོག་ལ་མི་འགྲོ་ཆེད་ཚོགས་པ་མང་པོ་བཙུགས་དགོས་པ་རེད་མ་གཏོགས། དཔེར་ན་རྒྱ་གཞུང་གིས་དམངས་གཙོ་ཡིན་ཟེར་གྱི་ཡོད་མེད་གང་ཡིན་རུང་། དོན་ངོ་མར་མི་གཉིས་གསུམ་ཞིག་གི་འོག་ལ་རྒྱལ་ཁབ་དེ་ཡོད་རེད། ཁོང་ཚོས་གང་འདོད་པ་དེའི་འོག་ལ་འགྲོ་གི་ཡོད་རེད། དེ་རྩ་བ་ནས་འགྲིག་གི་མ་རེད། དེར་བརྟེན། ༧གོང་ས་མཆོག་གིས་ཆབ་སྲིད་ཚོགས་པ་འདྲ་མིན་བཙུགས་དགོས་ཀྱི་འདུག་ཅེས་བཀའ་གནང་བ་བཞིན། གཞོན་ནུ་ཚོགས་པས་འགན་ཁུར་གྱིས་ཚོགས་པ་འདི་བཙུགས་ནས་ལོ་མང་པོ་སོང་ཡོད་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་ཚོགས་པ་དང་པོ་དེ་འདི་རེད་བསམ་གྱི་ཡོད་པ་མ་ཟད། ཚོགས་པ་འདིའི་ནང་ལ་སྐྱ་སེར་དབྱེར་མེད་ཀྱི་ཐོག་ཆོལ་ཁ་གསུམ་གྱི་ཚོགས་མི་ཡོད་པ་མཐོང་སོང་། དེ་ཡག་པོ་རེད། ཚོགས་པ་འདི་ཐོག་མར་གཞོན་ནུས་བཙུགས་པ་དང་། ད་ལྟ་ཡིན་ན་ཡང་ལས་ཀ་བྱེད་མཁན་མང་ཆེ་བ་གཞོན་ནུའི་ཚོགས་མི་ཡིན་པ་འདྲ་བོ་མཐོང་སོང་། དེ་ཡིན་དུས་གཞོན་ནུས་འགན་ཁུར་ནས་ང་ཚོའི་བོད་དོན་དེ་བསྒྲུབ་དགོས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་གིས་མི་ཐོགས་གཉིས་པ་ལ་སྐུ་དབང་རྩིས་སྤྲོད་གནང་ཡོང་དུས། གཞོན་པ་ཚོས་འགན་ཁུར་ནས་ཡང་རྗེས་མའི་མི་རབས་གསར་པ་ཚོར་རྩིས་སྤྲོད་དགོས་ཀྱི་ཡོད་རེད།

དེར་བརྟེན། ཆབ་སྲིད་ཚོགས་པ་ཞིག་ཡོད་པ་ཙམ་གྱིས་ཕན་གྱི་ཡོད་མ་རེད། ཚོགས་པ་དེ་ཡར་རྒྱས་བཏང་ནས་ཆབ་སྲིད་ཚོགས་པ་ཚད་ལྡན་ཞིག་ཡོང་ཐབས་བྱ་དགོས་རེད། ངས་མི་གཞན་ལ་ཡང་དམངས་གཙོ་ཚོགས་པ་དེ་ཚོ་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་བཤད་མྱོང་ཡོད། ཚོགས་པ་དེའི་ངོ་བོ་དང་ཚོགས་པ་དེས་ལས་ཀ་གང་བྱེད་ཀྱི་ཡོད་པ་དེ་བོད་མི་མང་གིས་ཤེས་དགོས་པ་གལ་ཆེན་པོ་རེད། ཚོགས་པ་ཤུགས་ཆེན་པོ་ཆགས་པ་ལ་ཚོགས་མི་མང་པོ་དགོས་ཀྱི་ཡོད་པ་དང་། ཚོགས་མི་ག་ཚོད་མང་བ་ཡིན་ན་དེའི་ཚོད་ཀྱིས་ཚོགས་པས་ནུས་པ་ཐོན་གྱི་རེད། དེར་བརྟེན། རྕ་བའི་ང་ཚོའི་འདོད་ཕྱོགས་རང་བཙན་ཡིན་ན་ཡང་ཐབས་ལམ་མི་འདྲ་བ་ཞིག་གི་ཐོག་ནས་ལས་འགུལ་སྤེལ་ཏེ། ཚོགས་མི་མང་པོ་རག་ཐབས་དང་བོད་དོན་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་དང་། ཚོགས་པ་འདི་བོད་གཞུང་གིས་ངོས་ལེན་ཡོད་པ་བྱ་དགོས་པ་གལ་ཆེན་པོ་རེད། དེ་ཡང་བོད་གཞུང་གིས་ངོས་ལེན་བྱེད་མི་འདུག་ཅེས་བསྡད་ན་ཕན་ཐོགས་ཀྱི་ཡོད་མ་རེད། ཚོགས་པ་དང་ལས་བྱེད་ཚང་མས་ཐུན་མོང་གིས་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད་”ཅེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་གཞོན་ནུའི་སྐུ་ཚབ་སྤེན་པ་ཚེ་རིང་གིས། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་རྗེས། ཆབ་སྲིད་ལ་འགྱུར་བ་ཤུགས་ཆེན་པོ་ཐེབས་ཡོད་སྐོར་དང་།  ༧གོང་ས་མཆོག་གི་དགོངས་དོན་ལྟར་མ་འོངས་པར་མང་གཙོ་འཕེལ་རྒྱས་ཡོང་ཆེད་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བོད་དོན་ཆེད། མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་བགྲོ་གླེང་ལྷུག་པོར་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་འདི་༡༩༩༤ ལོར་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རེད། ཉིན་གསུམ་རིང་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། ཚོགས་པ་དེ་ཆབ་སྲིད་ཚོགས་པར་ངོས་ལེན་ཡོང་ཐབས་སྐོར་སོགས་ལ་བགྲོ་གླེང་དང་། དབུས་རྒྱུན་གསར་འདེམས་བྱེད་རྒྱུ་ཡིན་པ་རེད།།