༧གོང་ས་མཆོག་ཡོན་ཏན་གླིང་ཆོས་ཚོགས་སུ་ཆིབས་བསྒྱུར།
ཆོས་ཚོགས་དང་ཚོགས་པ་ཚོས་སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཡོད་པ་དེར་བསྔགས་བརྗོད་ཡོད། བོད་མི་ཚོས་བོད་ཡིག་སྐད་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་༧གོང་ས་མཆོག་སྦེལ་ལྗམ་ནང་དུ་ཡོད་པའི་ཆོས་ཚོགས་རྙིང་ཤོས་ཡོན་ཏན་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་༢༣ཉིན་རྒྱལ་ས་སྦུ་རུ་སར་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སོང་། གནམ་ཐང་དུ་སྦར་སར་སྐུ་ཆབ་དོན་གཅོད་དང་༧གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱན་མཚན་དང་། བླ་མ་ཀ་ཏག་རིན་པོ། ས་གནས་རྫོང་དཔོན། སྦེལ་ལྗམ་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་མང་པོས་ཕེབས་བསུ་ཟབ་རྒྱས་ཞུས་སོང་། ཕྱི་ཚེས་༢༤ ཉིན་སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀར་སྦེལ་ལྗམ་ཁུལ་དུ་གནས་སྡོད་བོད་མི་དང་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཧོ་ལན་དང་། ཧྤ་རན་སི་ནས་ཕེབས་པའི་བོད་རིགས་ཁྱོན་བསྡོམས་༢༤༠༠ ལྷག་དང་། དེ་བཞིན་སྦེལ་ལྗམ་ནང་གི་བོད་ཀྱི་གྲོགས་པོ་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། སོག་པོ། བལ་པོ། འབྲུག་པ་སོགས་ལ་བཀའ་སློབ་དང་སངས་རྒྱས་ཆོས་ཚོགས་མའི་ཆོས་འགྲེལ་ཡང་གནང་སོང་།
དེ་ཡང་༧གོང་ས་མཆོག་གིས་མི་མང་ཚོར་བཀའ་སློབ་གནང་དོན། ང་ཚོ་བོད་ལ་ད་ལྟ་ཛ་དྲག་གྱི་གནས་སྐབས་དེར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་བོད་བསྟན་སྲིད་སྤྱི་ལ་སེམས་འཁུར་ལེན་དགོས་ངེས་རེད་ལ། ཁྱོད་ཚོ་ས་གནས་གང་དང་གང་དུ་གནས་ཀྱང་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརྗེད་པའི་ཐོག་སེམས་འཁུར་བླངས་ནས་ལས་དོན་སྒྲུབ་ཀྱི་ཡོད་པ་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་སོ་སོའི་ཤ་ཁྲག་རུས་གསུམ་མ་དོར་བར་དུ་བོད་མི་ཞིག་ལ་གནས་རྒྱུ་རེད། དེར་བརྟེན་བོད་ཀྱི་གནས་ཚུལ་ནམ་ཡང་བརྗེད་རྒྱུ་མེད། བོད་མི་རིགས་ལ་ལོ་རྒྱུས་ཡུལ་རིང་ཡོད་ལ། བོད་ཡིག་ལ་ཆ་མཚོན་ན་འཛམ་གླིང་གི་ལོ་རྒྱུས་སྟེང་ཡི་གེ་རྙིང་ཤོས་ཀྱི་གྲས་ཤིག་ལ་བརྩི་བཞིན་ཡོད། བོད་ཀྱི་སྐད་ཡིག་དེ་ཡང་རྒྱལ་ཁབ་གཞན་ནས་ཚུར་བཤུས་པ་ཞིག་མ་ཡིན་པར། སོ་སོ་རང་ཉིད་ཀྱི་ས་ནས་དར་བ་དང་མི་རིགས་རང་ཉིད་ཀྱི་རང་མགོ་ཐོན་པའི་སྐད་ཡིག་ཞིག་ཡིན། མ་ཟད་ས་བབས་ཀྱི་ཆ་ནས་ཀྱང་དམིགས་བསལ་ཞིག་ཆགས་ཡོད། དེར་བརྟེན་རང་ཉིད་བོད་པ་ཞིག་ཡིན་བསམ་ནས་སྤོབ་པ་ལྡན་པ་ཞིག་དགོས། འོན་ཀྱང་སྤོབ་པ་ལྡན་པ་ཟེར་དུས་ང་རྒྱལ་དང་གཞན་ལ་མཐོང་ཆུང་བྱས་པ་མ་ཡིན་པར་ཡ་རབས་དང་ཉམ་ཆུང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་འདུག།
༧གོང་ས་མཆོག་གིས་བོད་མི་ཚོས་ཡ་རབ་བཟང་སྤྱོད་བྱེད་དགོས་སྐོར་གསུང་དོན། བོད་པའི་གནད་དོན་དེ་བདེན་དོན་ཞིག་ཡིན་པས་རྒྱ་མི་རིགས་བློ་གཟུ་བོར་གནས་པ་ཐམས་བཅད་ཀྱི་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོའི་འཐབ་རྩོད་དེ་རང་རྒྱལ་གཞན་ཕམ་མ་ཡིན་པར་འཕྲལ་དུ་ཡང་རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན། ད་དུང་བོད་པ་ཚོས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་ཞེས་པ་ལྟར་སྦེལ་ལྗམ་གྱི་ཡུལ་མི་དང་གཅིག་མཚུངས་ཀྱི་ཡ་རབས་དང་། ཁྲིམས་མཐུན་གྱི་ལས་ཀ་བྱེད་རྒྱུ་མ་གཏོགས་རང་ཉིད་ལ་དཀའ་ངལ་འཕྲད་ན། བདེ་སྡུག་ཞུ་དགོས་པ་ལས་ཁྲིམས་འགལ་གྱི་ལས་ཀ་བྱས་ན་ཡག་པོ་མེད། སོ་སོའི་ཡ་རབས་ཀྱི་ལྟ་བ་དང་སྤྱོད་པ་ཞིག་ཡོད་པ་དེ་ཉམས་རྒྱུ་མེད། བར་སྐབས་ཞིག་བོད་པའི་ནང་རིམ་བཞིན་མ་རབས་ཐ་ཤལ་གྱི་ལས་ཀ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་གོ་ཐོས་བྱུང་། ལོ་ཤས་སྔོན་ཨ་རི་ནེའུ་ཡོག་ལ་བོད་མི་ཚོར་ཡ་རབ་དྲང་བདེན་དགོས་སྐོར་བཤད་ནས། དྲོད་མ་ཡལ་གོང་གི་དགོང་དྲོ་བོད་པའི་གཞོན་སྐྱེས་ཁག་གཅིག་ཆང་འཐུང་ནས་ཕན་ཚུན་འཁྲུག་པ་ཤོར་ཏེ་མི་གཅིག་གྲི་བརྒྱབ་ནས་བསད་པ་པ་གོ་ཐོས་བྱུང་། དེའི་ཐོག་ནས་གཟབ་གཟབ་མ་བྱས་ན་བོད་པའི་གཤིས་ཀ་ཇེ་ཞན་དུ་འགྲོ་ཡི་ཡོད་པ་སྟོན་གྱི་ཡོད། ད་ལྟ་འཛམ་གླིང་སྟེང་བོད་པར་རིན་ཐང་ཆེན་པོ་བརྩི་བཞིན་པ་དེ་བོད་པར་རྒྱུ་ཡོད་པ་དང་། བོད་པར་ཤེས་ཡོན་ཡག་པོ་ཡོད་པའི་རྐྱེན་གྱིས་མ་ཡིན་པར། བོད་པ་ནི་ཡ་རབ་དང་དྲང་བདེན། སེམས་པ་བཟང་པོ་ཡོད་པའི་རྐྱེན་གྱིས་རེད། དེ་དག་མེད་པ་ཆགས་ན་ང་ཚོའི་རིན་ཐང་ཡང་བརླག་པ་རེད། ལྷག་དོན་མི་རིགས་ཟུར་གསལ་ཡིན་མིན་དེ་ཡང་མི་རིགས་དེའི་སྐད་ཡིག་ཐོག་ནས་ཡོང་གི་ཡོད་པས་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོ་རེད། ནང་པའི་ཆོས་ལེགས་སྦྱར་ནང་ཇི་མ་ཇི་བཞིན་ཕབ་ཐུབ་མཁན་ཡང་བོད་ཡིག་ཁོ་ན་ལས་མེད། དེར་བརྟེན་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བོད་ཡིག་ལ་དོ་སྣང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། འདི་གར་ཡོད་པའི་ཆོས་ཚོགས་དང་ཚོགས་པ་ཚོས་ཀྱང་སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཡོད་པ་དེར་བསྔགས་བརྗོད་ཡོད། དེ་གར་ཆོས་ཚོགས་བཙུགས་ནས་ས་གནས་དེ་གའི་བོད་པ་མེད་ན་མ་གཏོགས་ཡོད་ན་བོད་པ་ཚོར་རང་གི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་ལས་དོན་ངེས་པར་དུ་སྒྲུབ་དགོས། དེ་འདྲ་བྱུང་ན་ཡི་ཤུའི་ཆོས་དར་ཁྱབ་ཆེ་བའི་ལུང་པར་ནང་ཆོས་ཁྱབ་སྤེལ་བྱས་པ་ལྟ་བུ་མ་ཡིན་པར། དེ་གར་ཡོད་པའི་བོད་མི་ཚོར་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་ན། ཕྱི་གླིང་པ་ཚོར་ཡང་འགྲེལ་བཤད་རྒྱག་སྐབས་འདྲ་ཆགས་པོ་ཡོད། མ་འོངས་པར་ཕྱི་རྒྱལ་ལ་ཡོད་པའི་ཆོས་ཚོགས་ཁག་ནས་ཆོས་ཕྱོགས་རྐྱང་པ་མ་ཡིན་པར་བོད་ཀྱི་རིག་གནས་སྤྱི་ལ་སློབ་གཉེར་བྱ་རྒྱུ་ཡོད་པ་ཞིག་བྱུང་ན་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་ངེས་རེད། ཞབས་བརྟན་གཅིག་པུ་མ་ཡིན་པར་ནང་དོན་རིག་པས་མིའི་སེམས་ལ་བདེ་སྐྱིད་བསྐྲུན་པ་དང་། གསོ་བ་རིག་པས་མིའི་ལུས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ཞིག་བྱུང་ན་ཤིན་ཏུ་ཡག་པོ་ཡོད་པས་རིན་པོ་ཆེ་ཁྱེད་ཀྱི་དགོངས་པར་བཅངས་དགོས། མདོ་དོན་རྙིང་པོ་བོད་པའི་ཕྲུ་གུ་ཞིག་ཡིན་ན་བོད་སྐད་ཤེས་པ་དང་། བོད་པའི་རིག་གནས་གང་དང་གང་ཡོད་པ་ཞིབ་ཕྲ་མ་ཤེས་ཀྱང་ཆ་ལམ་ཙམ་ཤེས་རྒྱུ་གལ་ཆེན་པོ་རེད། ཁ་ནས་བོད་པ་ཡིན་བརྗོད་ནས་བོད་པའི་གནས་ཚུལ་མ་ཤེས་ན་ཞབས་འདྲེན་རེད་ཅེས་སོགས་༧གོང་ས་མཆོག་གིས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང།
དེ་རྗེས་སངས་རྒྱས་ཆོས་ཚོགས་མའི་ཆོས་འགྲེལ་ཡང་གནང་སོང་། ཕྱི་དྲོ་ཡོན་ཏན་གླིང་ཆོས་ཚོགས་ཀྱི་འདུ་ཁང་གསར་པ་དབུ་འབྱེད་དང་། ཆོས་ཚོགས་གནས་ཡུལ་ཧུད་གྲོང་སྡེའི་སྤྱི་ཁྱབ་དང་ཆབ་སྲིད་ཚོགས་པ་ཁག་གི་མི་སྣ་མཇལ་འཕྲད་དང་བཀའ་སློབ་ཡང་གནང་གནང་སོང་། དེ་ནས་གྲོང་སྡེའི་སྤྱི་ཁྱབ་པས་༧གོང་ས་མཆོག་ལ་ཧུད་གྲོང་སྡེའི་ཆེས་མཐོའི་མི་སེར་གྱི་ཕྱག་ཁྱེར་ཡང་འབུལ་ལམ་ཞུས་སོང་། དེ་ནས་ཕྱི་རྒྱལ་མི་སྣ་སྟོང་ཚོ་བརྒལ་བར་བྱམས་དང་རྙིང་རྗེའི་སྐོར་ལ་བཀའ་སློབ་བསྩལ་རྗེས་གསར་འགོད་ལྷན་ཚོགས་ཀྱི་བཀའ་དྲི་བཀའ་ལན་མ་གནང་གོང་གསར་འགོད་པ་ཚོར་འགྲོ་བ་མིའི་རིན་ཐང་དང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་བསྩལ་བ་དང་སྦྲགས་གསར་འགོད་པ་ཚོས་ཕྱོགས་ལྷུང་དང་རྒྱབ་མདུན་ངོ་ལྐོག་མེད་པའི་ལམ་ནས་གནས་ཚུལ་སྤེལ་ཏེ། འཛམ་གླིང་གི་སྤྱི་ཚོགས་ཇེ་བཟང་དུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་བ་སོགས་ཀྱི་ད་ཐེངས་སྦེལ་ལྗམ་ནང་གི་མཛད་འཕྲིན་ལེགས་སྒྲུབ་བྱུང་ནས་ཕྱི་ཚེས་༢༥ཉིན་ཨོ་སི་ཊི་རི་ཡར་ཞབས་སོར་བདེ་བར་འཁོད་སོང་།
གནས་ཚུལ་མཁོ་གཏོང་བ་སྦེལ་ལྗམ་ནས་ལྷག་པ་ཚེ་རིང་།