སཱི་རི་ཡ་གཞུང་གིས་མི་མང་ལ་དྲག་གནོན།
ཕྱི་ཟླ་༥ ཚེས་༢༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་སཱི་རི་ཡའི་གཞུང་གིས་ཟླ་འདིའི་ཚེས་༢༧ ཉིན་མི་མང་ཉུང་མཐར་༡༠༨ རྐྱེན་ལམ་དུ་བཏང་ཞིང་། ༣༠༠ ལྷག་རྨས་སྐྱོན་བཏང་ནས་མི་སེར་སྡེབས་གསོད་བྱས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
རྒྱལ་ཚོགས་ཀྱི་ལས་བྱེད་ཅིག་གིས་བཤད་པ་ལྟར་ན། རྒྱལ་ཚོགས་ཀྱི་ངོས་ནས་ཛ་དྲག་གི་བདེ་འཇགས་ཚོགས་འདུ་ཞིག་ཚོགས་པ་དང་། ཚོགས་འདུའི་སྟེང་དམར་གསོད་དོན་རྐྱེན་དེའི་ནང་ཉུང་མཐར་ཕྲུ་གུ་༤༩ ཙམ་ཡོད་པར་ཐག་ཆོད་འདུག
ཨུ་རུ་སུ་གཞི་རྩའི་སཱི་རི་ཡའི་རྒྱབ་རྩ་གཙོ་བོ་དེ་ཡིན་ན་ཡང་། སཱི་རི་ཡའི་ནང་མི་མང་སྒེར་ལངས་ཀྱི་ལས་འགུལ་ཁྲོད་དྲག་གནོན་གྱིས་མི་མང་སྡེབས་གསོད་ཀྱི་དོན་རྐྱེན་ལ་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་བསྒྲགས་གཏམ་ནང་ཨུ་རུ་སུ་ཡིས་ཀྱང་མཚན་རྟགས་བཀོད་ཡོད་པ་རེད།
བསྒྲགས་གཏམ་དེའི་ནང་གཞུང་གིས་མེ་མདའ་དང་འཐབ་གྲུ་སོགས་གོ་མཚོན་ལྡན་པའི་དཔུང་དམག་གོ་རིམ་ལྡན་པའི་ཐོག་བཏང་ནས་མི་མང་ལ་དྲག་རྒོལ་བྱས་སྐོར་རྒྱལ་ཚོགས་ཀྱི་ལྟ་ཞིབ་པས་གཏན་འབེབས་བྱས་པའི་གནས་ཚུལ་འཁོད་པ་ཡོད་རེད།
ཚོགས་འདུ་དེར་རྒྱལ་ཁབ་ཆེ་ཁག་༡༥ ལས་གྲུབ་པའི་ལྷན་ཚོགས་ཀྱིས་སཱི་རི་ཡའི་སྲིད་འཛིན་བྷ་ཤར་ཨལ་ཨ་ཟཱ་དཱ་ལ་མི་མང་ཡོད་སའི་ས་གནས་ཁག་ནས་དྲག་མཚོན་དང་དཔུང་དམག་ཕྱིར་འཐེན་བྱེད་རྒྱུ་དང་། རྒྱལ་ཚོགས་ཀྱི་ཨ་རབ་མཉམ་འབྲེལ་ཀྱི་ཕོ་ཉ་ཀོ་ཧྥི་ཨན་ནཱན་གྱི་ཞི་འཇགས་གྲོས་འཆར་ལྟར་རྒྱལ་ཁབ་བསྒྱུར་བཅོས་གཏོང་རྒྱུ། དེ་བཞིན་དྲག་པོའི་བྱ་སྤྱོད་རྣམས་ལ་འགན་ལེན་བྱེད་དགོས་པའི་དགོས་འདུན་གསར་པ་ཞིག་བཏོན་ཡོད་པ་རེད།
རྒྱལ་ཚོགས་དྲུང་ཆེ་བྷན་ཀི་མཱོན་དང་དྲུང་ཟུར་ཨན་ནཱན་གྱིས་སཱི་རི་ཡའི་ས་གནས་ཧོའུ་ལཱའི་སྡེབས་གསོད་དེ་རྒྱལ་སྤྱིའི་ཁྲིམས་ལ་མངོན་གསལ་གྱིས་མ་བརྩིས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ངོ་རྒོལ་སྐད་འབོད་ནང་སཱི་རི་ཡའི་མི་མང་སྟོང་ཕྲག་དུ་མ་མཉམ་ཞུགས་བྱས་ཡོད་པ་རེད།
དབྱིན་ཡུལ་དང་ཧྥ་རན་སིའི་གཞུང་ནས་ཨ་ཟཱ་དཱའི་གཞུང་ལ་སྐྱོན་བརྗོད་ཤུགས་དྲག་དགོས་པའི་བསྒྲགས་གཏན་སྙན་ཞུ་ཞིག་རྒྱལ་ཚོགས་ལ་ཕུལ་བ་དང་། སཱི་རི་ཡའི་གཞུང་ནས་སྡེབས་གསོད་ཀྱི་གནད་དོན་དེའི་འགན་སྲིད་གཞུང་ལ་མེད་ཅེས་སྐྱོན་བརྗོད་དེར་ཁས་ལེན་བྱས་མེད་ཅིང་། སཱི་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན། གནད་དོན་དེའི་རྒྱུ་རྐྱེན་འཇིགས་སྐུལ་རིང་ལུགས་པར་ཐུག་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད།
ཕྱི་ཚེས་༢༨ ཉིན་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་པ་ཨན་ནཱན་ཌ་མ་སི་ཁུ་སི་ལ་འགྲོ་རྒྱུ་ཡིན་པ་དང་། ཁོང་གིས་བརྗོད་གསལ་ལྟར་ན། ཧོའུ་ལཱའི་དོན་རྐྱེན་ལ་བསྐྱར་ཞིབ་བྱེད་རྒྱུ་དང་། ཁོང་གི་ཞི་འགྲིག་གི་གྲོས་འཆར་དོན་ཚན་དྲུག་ལ་སླར་གསོ་ཡོང་ཐབས་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་པ་རེད།
རྒྱལ་ཚོགས་ཀྱི་དྲུང་ཆེས་བརྗོད་དོན་ལྟར་ན། ཧོའུ་ལཱའི་སྡེབ་གསོད་དོན་རྐྱེན་དེས་རྒྱལ་ཚོགས་ཀྱི་ལྟ་ཞིབ་པ་རྣམས་ལ་གནོད་ཤུགས་སྤྲད་པ་དང་། ལྷག་པར་དུ་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཁག་གི་ནང་དུ་དྲག་སྤྱོད་ཀྱི་ལས་འགུལ་མང་དུ་འགྲོ་བའི་ཤུགས་རྐྱེན་སྦྱིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། རྒྱལ་ཚོགས་ཀྱི་རང་དབང་ལྟ་ཞིབ་པ་རྣམས་ད་ལྟའི་ཆར་སི་རི་ཡའི་ནང་ཛ་དྲག་གི་གནས་སུ་ལུས་ཡོད་ཅིང་། སི་རི་ཡའི་ནང་རྒྱལ་ཚོགས་ཀྱི་ལྟ་ཞིབ་པ་༢༦༠ ལྷག་ཡོད་པ་རེད།
རེས་གཟའ་ལྷག་པ་ཉིན་ཨན་ནཱན་གྱི་སི་རི་ཡའི་ཟླ་བ་༡༥ ལྷག་གི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སྐོར་བདེ་འཇགས་ལྷན་ཚོགས་ལ་ཞིབ་བསྡུར་བྱེད་རྒྱུ་ཡིན་པ་རེད།
རྒྱལ་ཚོགས་ཀྱིས་བརྗོད་དོན་ལྟར་ན། སི་རི་ཡའི་ནང་མི་མང་སྒེར་ལངས་ཀྱི་དོན་རྐྱེན་ཁྲོད་མི་མང་༡༠༠༠༠ ལྷག་རྐྱེན་ལམ་དུ་ཕྱིན་པ་དང་། སི་རི་ཡའི་ལས་འགུལ་བས་བརྗོད་ན་མི་མང་ཉུང་མཐར་༡༣༠༠༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊོན་གྱིས་སྲིད་འཛིན་བྷ་ཤར་ཨལ་ཨ་ཟཱ་དཱ་ལ་སྡེབ་གསོད་འདི་ལག་དམར་གྱི་དབང་བསྒྱུར་ཞིག་ཡིན་པ་དང་། འཇུགས་སྐུལ་དེ་མཚམས་འཇོག་དགོས་ཞེས་འབོད་སྐུལ་བྱས་ཡོད་པ་རེད།
ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་ཛ་དྲག་གིས་སི་རི་ཡའི་རྒྱབ་སྐྱོར་ཚོགས་འདུ་ཞིག་འཕྲལ་དུ་བསྐོང་བ་དང་། ཚོགས་འདུ་དེའི་ནང་ཨ་རི་དང་། དབྱིན་ཡུལ། ཇེར་མི་ནི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རབ་རྒྱལ་ཁབ་ཁག་མགྲོན་འབོད་བྱས་ཡོད་མོད། རྒྱ་ནག་དང་ཨུ་རུ་སུ་ལ་མགྲོན་འབོད་བྱས་མེད་པ་རེད།
ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཁག་གིས་ཀྱང་སི་རི་ཡའི་དཀའ་རྙོག་ཐོག་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད།
ཨི་སི་ཏན་བྷུལ་དུ་ཡོད་པའི་སི་རི་ཡའི་བཙན་བྱོལ་བ་རྣམས་མགོ་ཁྲིད་བྷུལ་ཧན་གྷ་ལོན་གྱིས་སི་རི་ཡའི་དྲག་པོའི་དམག་གི་སྲིད་གཞུང་ལ་རེས་གཟའ་ཉི་མ་ཉིན་བཅིངས་དཀྲོལ་དང་ཆེ་མཐོང་གྱི་དམག་འཐབ་ཅེས་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རེད། བསྒྲགས་གཏམ་དེའི་ནང་ཇི་སྲིད་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་དམག་སི་རི་ཡའི་ནང་བར་འཇོག་བྱེད་དུ་མ་འཇུག་དེ་སྲིད་དུ་ཁོང་ཚོས་ཀྱང་རྒོལ་ལན་སྤྲོད་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རོགས་སྐྱོར་ཁ་གསལ་ཞིག་མ་སྤྲད་ན་ཨན་ནཱན་གྱི་ཞི་བའི་གྲོས་འཆར་རྩིས་མེད་བྱེད་རྒྱུ་ཡིན་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
.