གངས་ཅན་རིག་གནས་སློབ་གྲྭས་ན་གཞོན་རྣམས་ལ་སློབ་སྦྱོང་།

༄༅། འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཚུགས་པའི་གངས་ཅན་རིག་གནས་སློབ་གྲྭའི་དམིགས་ཡུལ་གྲས། རང་རིགས་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་དབྱར་དགུན་གྱི་གུང་སེང་སྐབས་མི་རིགས་རང་ཉིད་ཀྱི་རྩ་ཆེའི་ཆོས་རིག་གི་སློབ་སྤྱོང་སྤྲད་དང་སྤྲོད་མུས་སུ་ཡོད་པ་བཞིན།

འདི་ལོ་ C.S.T. སློབ་གྲྭའི་གུང་སེང་སྐབས་ཕྱི་ཟླ་ལྔ་པའི་ཚེས་ ༡༡ ནས་རྗེས་ཟླའི་ཚེས་ ༡༡ བར་ཟླ་ངོ་གཅིག་རིང་ཀོ་ལེ་སྒལ་དོན་ལྡན་གླིང་གི་སློབ་ཕྲུག་ཕོ་མོ་གྲངས་ ༣༠། བསུ་ལེན་བྱས་ཏེ་བཞུགས་གནས་དང་ཞལ་ལག་སོགས་མཐུན་རྐྱེན་རྣམས་གྲྭ་ཚང་སློབ་གྲྭ་ནས་ནར་གཏོང་ཐོག་སློབ་སྦྱོང་སྤྲོད་པའི་སྟེང།  འདི་གའི་ཧུན་སུར་ས་གནས་རང་གི་སློབ་ཕྲུག་བརྒྱ་ཙམ་བཅས་ཁྱོན་སློབ་ཕྲུག་ ༡༣༠། སྐོར་ལ་ནང་ཆོས་འཛིན་གྲྭ་དང། རིགས་ལམ་འཛིན་གྲྭ བོད་ཡིག་འཛིན་གྲྭ རྩོད་གྲྭ་བཅས་ཉིན་རེར་ཚོགས་ཐེངས་བཞི་འཚོགས་པ་དང། ཕྱི་དྲོར་ཀོ་ལེ་སྒལ་དོན་ལྡན་གླིང་གི་སློབ་ཕྲུག་རྣམས་ལ་སླར་ཡང་བོད་ཡིག་འཛིན་གྲྭ་འཕར་མ་དང། བོད་ཀྱི་ཡིག་གཟུགས་བཅས་སློབ་སྟོན་བྱེད་བཞིན་པ་བཅས་ཡིན་ཞིང། འདི་ལྟ་བུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར། རང་རེའི་མ་འོངས་བོད་ཀྱི་སོན་རྩ་ན་གཞོན་རྣམས་ལ་མི་རིགས་རང་ཉིད་ཀྱི་ཆོས་དང་ཪིག་གཞུང་སྐད་ཡིག་བཅས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་པའི་གནད་དོན་ཐོག་འདི་ནས་དམིགས་བཀར་གྱིས་ཞབས་འདེགས་ཅུང་ཟད་རེ་སྒྲུབ་བཞིན་པ་ཙམ་མ་ཟད། བློ་རིག་བཀྲ་བའི་ན་གཞོན་སློབ་ཕྲུག་རྣམས་ནས་ཀྱང་དང་བླངས་ཐོག་རང་ཉིད་ཀྱི་གུང་སེང་གི་དུས་ཚོད་བློས་བཏང་ནས། རང་མི་རིགས་ཀྱི་རིག་གནས་ལ་ཐུགས་སྣང་ཆེ་ཞིང་འབད་བརྩོན་མི་དམན་པར་སློབ་སྦྱོང་བྱེད་བཞིན་འདུག་པ་མ་ཟད། གྲུབ་འབྲས་ཀྱང་མི་དམན་པར་ཐོན་པའི་རེ་འདུན་ཡོད། ཀོ་ལེ་སྒལ་དོན་ལྡན་གླིང་ས་གནས་གཞིས་འགོས་དབུས་འབྲེལ་ཡོད་ལས་སྣེ་རྣམ་པ་དང་ཕ་མ་བཅས་ནས་སློབ་ཕྲུག་འདི་གར་གཏོང་ཕྱོགས་ཐད་འཕྱར་གྲུ་མཉམ་འདེགས་དང་ལས་དོན་མཉམ་འབྲེལ་གནང་ཡོད། ཐེངས་འདིའི་ལས་རིམ་ཐོག་ནས་ཀྱང་བོད་ཀྱི་རིག་གནས་རྒྱ་མཚོར་ཆུ་ཐིགས་ཙམ་གྱི་ཞབས་འདེགས་འགྱུར་ངེས་སྙམ་པ་བཅས། ཧུན་སུར་རབ་གླིང་དཔལ་ལྡན་སྨད་རྒྱུད་པའི་གངས་ཅན་རིག་གནས་སློབ་གྲྭའི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༦ ཉིན།།