༧རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ཀྱི་ཞབས་རིམ།
དྷ་སའི་ས་གནས་བུད་མེད་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཆེད་སྒྲོལ་མ་གསོག་སྒྲུབ་ཀྱི་ཞབས་རིམ་ཞིག་ཉིན་གཉིས་ཀྱི་རིང་འཚོག་གི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་ནས་འགོ་བརྩམས་ཏེ་ཉིན་གཉིས་ཀྱི་རིང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དྷ་སའི་ས་གནས་བུད་མེད་ཀྱི་གོ་སྒྲིག་འོག ༧རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་དང་འབྲེལ་བའི་རེ་སྐུལ་ཞུ་ཡིག་དང་། སྒྲོལ་མ་གསོག་སྒྲུབ་ཀྱི་ཞབས་རིམ་ཞིག་ཉིན་གཉིས་ཀྱི་རིང་འཚོག་གི་ཡོད་པ་དང་། ཚོགས་ཐོག་ཏུ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་། གཞན་ཡང་དྷ་སའི་ཉེ་འཁོར་གྱི་སྐྱ་སེར་མི་མང་མཉམ་འཛོམས་བྱས་འདུག
གོ་སྒྲིག་པའི་ངོས་ནས་རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་དགོས་སྐོར་ཐད་ནས་བརྗོད་དོན། ༧རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ཀྱི་ལས་དོན་ནི་རང་ཅག་སྤྱི་སྒེར་ཚང་མར་འཁྲི་བའི་བྱ་བ་ཆེས་གལ་ཆེ་ཤོས་ཤིག་ཡིན་པ་བཤད་མི་དགོས་པ་དང་། ཉེ་ཆར་རྒྱལ་ཕྱི་ནང་གི་གསར་ལམ་ཁག་ནས་༧རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་ཡོད་སྐོར་གནས་ཚུལ་སྔ་རྗེས་སུ་ཐོབ་པར་བརྟེན། ང་ཚོས་བློ་འཚབ་ངང་ཚོགས་འདུ་བསྡུས་ཏེ། རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་དགོས་སྐོར་གྱི་དོན་ཚན་ཁག་བཞི་ཅན་ཞིག་འབྲེལ་ཡོད་དཔལྡན་སྐུ་སྒེར་ཡིག་ཚང་དང་། རང་གཞུང་བདེ་སྲུང་ལས་ཁུངས། དེ་བཞིན་རྒྱ་གར་བདེ་སྲུང་ལས་ཁུངས་བཅས་སུ་ཕུལ་ཡོད། དེ་བཞིན་ཉིན་གཉིས་ཀྱི་རིང་དྷ་སའི་མི་མང་གིས་སྒྲོལ་མ་གསོག་སྒྲུབ་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་ཅེས་བརྗོད་སོང་།