མོན་གྷོ་རུ་གདུང་སེམས་མཉམ་བསྐྱེད་ལས་འགུལ།
ཟླ་འདིའི་ཚེས་༣༠ ཉིན་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ནས་ཐུན་མོང་གིས་གོ་སྒྲིག་འོག ཕྱི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཞོན་སྐྱེས་དར་རྒྱས་དང་རྡོ་རྗེ་ཚེ་བརྟན་ཟེར་བ་གཉིས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ཡོད་པ་དང་།
ཚེས་༣༠ ཉིན་བོད་མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་པའི་བུད་མེད་རི་ཀྱོ་ཞེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བསྟུད་མར་བཏང་ཡོད་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་མོན་གྷོ་ས་གནས་དུས་འཁོར་ཕོ་བྲང་མདུན་ཐང་དུ་སྤེལ་ཡོད་པ་རེད།
ལས་འགུལ་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་མི་མང་༣༠༠ མ་ཟིན་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ལས་འགུལ་སར་ས་གནས་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་རིང་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་མི་མང་ལ་ངོ་སྤྲོད་གསལ་བཤད་དང་འབྲེལ། ང་ཚོའི་ངོས་ནས་འདི་ལྟར་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་སོགས་ཀྱིས་མཚོན་པའི་ལས་འགུལ་གང་ཐུབ་ཅིས་ནུས་ཀྱིས་སྤེལ་བར་འབད་བརྩོན་བྱེད་དགོས་པ་གཅིག་དང་། གང་སྤེལ་བའི་ལས་འགུལ་དེ་ཡང་བོད་ནང་གི་ཆབ་སྲིད་བཙོན་མ་ཚོའི་མཚོན་པའི་གཞིས་ལུས་མི་མང་ལ་ཕན་ཐོགས་གང་མཚམས་ཏན་ཏན་ཡོད་པ་ རེད་ཅེས་དང་། ལྷག་པར་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་དེ་བས་ཀྱང་ང་ཚོའི་ལས་འགན་ཉག་གཅིག་རེད་ཅེས་སོགས་གསུངས་སོང་།
གཞན་ཡང་ཉིན་འདིའི་དགོང་དྲོ་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་བསྟན་སྲིད་སྤྱིའི་ཞབས་རིམ་ཆེད་དུ་ལོ་ལྟར་སྒྲོལ་མ་མཚན་ཚོགས་འཚོག་གི་གི་ཡོད་པ་བཞིན། ཉིན་འདིའི་དགོང་དྲོ་མོན་གྷོ་ས་གནས་དུས་འཁོར་ཕོ་བྲང་དུ་སྒྲོལ་མ་མཚན་ཚོགས་དང་། སྒྲོལ་མ་མཚན་ཚོགས་ནང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་པ་དང་། གཞིས་གྲོང་ཁག་དགུའི་མི་མང་བཅས་ཁྱོན་མི་མང་གཉིས་བརྒྱ་ལྷག་འཛོམས་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་རྩིས་པ་རྣམ་གྲོལ་ལགས་ཀྱིས་“ད་ལོའི་སྒྲོལ་མ་མཚན་ཚོགས་འདི་དམིགས་བསལ་བོད་བསྟན་སྲིད་སྤྱི་དང་ལྷག་པར་རང་ལུས་མཆོད་མེར་ཕུལ་མཁན་ཚོར་དམིགས་ནས་འཚོག་གི་ཡོད་”ཅེས་གསུངས་སོང་།།
མོན་གྷོ་གསར་འགོད་པས།