རྒྱ་ནག་གཞུང་གིས་སློབ་མ་༣༠༠༠༠ བསྐྱེད་བསྲིང་བྱེད་འཆར།

vbk-hu_jintao_ཕྱི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཚོགས་ཆེན་ཞིག་ཉིན་གཉིས་རིང་རྒྱ་ནག་པེ་ཅིང་དུ་འཚོགས་པ་དང་། དེའི་ནང་ཨེ་ཤི་ཡ་དབུས་ཁུལ་དུ་བདེ་འཇགས་དང་ཡར་རྒྱས་གཏོགས་ཕྱོགས་ལ་དམིགས་ནས་གྲོས་བསྡུར་བྱས་ཡོད་པ་རེད།

ཚོགས་ཐོག་དེར་ཨ་བྷན་ནི་སི་ཐན་གྱི་བདེ་འཇགས་ནི་ཕྱོགས་གཉིས་ཀའི་ཐུན་མོང་འགན་ཁུར་ཞིག་རེད་ཅེས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་བརྗོད་ཡོད་པ་རེད།

ཉིན་གཉིས་ཀྱི་ཚོགས་ཆེན་དེར་ཨི་རན་དང་། སོག་པོ། རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན་སོགས་ཀྱི་འགོ་ཁྲིད་རྣམས་ཞུགས་ཡོད་པ་དང་། ཨབ་གྷ་ནི་སི་ཐན་མགྲོན་འབོད་ཀྱི་སྐུ་མགྲོན་ཡིན་ཞིང་། རྒྱལ་ཁབ་གཞན་དག་ནི་ཟུར་ཉན་པ་ཡིན་པ་རེད།

vbk-hu_jintao_

ཕྱི་ལོ་༢༠༠༡ ལོར་ཧྲང་ཧེ་མཉམ་ལས་མཐུན་ཚོགས་ཞེས་པ་ཞིག་ཚུགས་པའི་ནང་ཨུ་རུ་སུ་དང་། རྒྱ་ནག ཀུར་ཇི་སི་ཐན། ཀ་ཛག་ཁི་སི་ཐན། ཏ་ཇིག་ཀི་ས་ཐན། ཨུ་ཛ་བྷེ་ཀི་སུ་ཐན་བཅས་ཡོད་པ་རེད། ཨུ་རུ་སུ་ཡིས་ཧྲང་ཧེ་མཉམ་ལས་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལས་དོན་ལ་མཉམ་ལས་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་པ་དང་། དེ་བཞིན་ཚོགས་པ་དེ་ནུབ་ཕྱོགས་དམག་དོན་མཐུན་ཚོགས་རྣམས་དང་། ས་ཁུལ་ཁག་དང་ས་མཚམས་སོགས་ཀྱི་བདེ་འཇགས་དང་། ཕྱོགས་སུ་ལྷུང་བའི་ཚོགས་པ་ཁག་ལ་ཁ་གཏད་ཆེད་དུ་བཙུགས་ཡོད་པ་རེད།

ཚོགས་ཆེན་དེར་ཡུ་རོ་ཤི་ཡའི་(ཡུ་རོབ་དང་ཨེ་ཤི་ཡ་མཉམ་འདྲེས་ཀྱི་ས་ཁུལ་)ནང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་གྲོས་ཐག་ཆོད་པ་དང་། རྒྱ་ནག་གི་ཕྱོགས་ནས་འཇིགས་སྐུལ་བར་དྲག་གནོན་བྱེད་རྒྱུའི་གྲོས་འཆར་བཏོན་ཡོད་པ་རེད། དེ་བཞིན་ཕྱོགས་གཉིས་ཀྱིས་སི་རི་ཡའི་གནད་དོན་ཐད་ཐེ་གཏོགས་བྱེད་རྒྱུ་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་ཀོ་ཧྥི་ཨན་ནཱན་གྱི་ཞི་བའི་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་གཏན་ཁེལ་ཡོད་པ་རེད།

དེ་བཞིན་ཕྱོགས་གཉིས་ཀས་ཆབ་སྲིད་དང་དཔའ་འབྱོར་གྱི་གྲོས་མཐུན་དོན་ཚན་ཁག་འགའ་ཤས་ལ་གྲོས་ཆོད་བཞག་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུར་གྲོས་འཆམ་བྱུང་ཡོད་པ་རེད།།

རྒྱ་ནག་གིས་ཧྲང་ཧེ་མཉམ་ལས་མཐུན་ཚོགས་ལ་ཨ་སྒོར་ཐེར་འབུམ་༡༠ བུ་ལོན་གཡར་རྒྱུ་གཏན་ཁེལ་བ་དང་། མཐུན་ཚོགས་ཀྱི་ངོས་ནས་ཡང་མཁའ་ལམ་དང་། གཞུང་ལམ། འགྲིམ་འགྲུལ། འབྲེལ་ལམ། སྣུམ་སོགས་ཀྱི་ཐད་ནས་མཉམ་འབྲེལ་གྱི་ཡར་རྒྱས་གཏོང་རྒྱུར་མཉམ་ལས་ཡོང་ཆེད། འཛུགས་སྐྲུན་དངུལ་ཁང་ཞིག་གསར་རྒྱག་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་ཅིང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོའོ་ཡིས་རེས་གཟའ་ཕུར་བུ་ཉིན་ཚོགས་ཞུགས་རྒྱལ་ཁབ་ཁག་ལ་ལས་གཞི་དེར་འཕྱར་བ་གྲུ་འདེགས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།།

ཚོགས་འདུ་དེའི་མཇུག་བསྡོམས་ཐོག་ཧུའུ་ཡིས་བརྗོད་དོན། རྒྱ་ནག་གིས་འབྱུང་འགྱུར་ལོ་གསུམ་གྱི་ནང་ཚུད་དུ་རྒྱལ་ཁབ་གཞན་རྣམས་ཀྱི་མཁས་པ་༡༥༠༠ ཐམ་པར་སྦྱོང་བརྡར་སྤྲད་རྒྱུར་མཐུན་འགྱུར་བྱེད་རྒྱུ་དང་། རྒྱ་ནག་གཞུང་གིས་སློབ་མ་༣༠༠༠༠ ལ་གཞུང་གྲོན་སློབ་ཡོན་བཏང་སྟེ་བསྐྱེད་བསྲང་བྱེད་རྒྱུ་མ་ཟད། ལོ་བཅུའི་ནང་རྒྱ་ནག་གི་སློབ་གྲྭ་ཆེན་མོར་དགེ་རྒན་དང་ཞིབ་འཇུག་སློབ་མ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། །