བོད་པའི་ཁྲག་སྦྱིན་རུ་ཁག་གི་ལས་གཞི་གསར་འཛུགས།
ཟླ་འདིའི་ཚེས་༡༤ ཉིན་འཛམ་གླིང་ཁྲག་སྦྱིན་གྱི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་དྷ་སར་འཚོགས་ཡོད་པ་དང་། དེ་དང་སྟབས་བསྟུན་མཛད་སྒོ་དེར་བོད་ཀྱི་བདེ་རྩ་ཚོགས་པས་ཁྲག་སྦྱིན་རུ་ཁག་ཅེས་པའི་ལས་གཞི་ཞིག་གསར་དུ་སྒོ་འབྱེད་བྱས་ཡོད་པ་རེད།
མཛད་སྒོ་དེ་དྷ་ས་བོད་ཀྱི་བདེ་རྩའི་ཚོགས་ཁང་ཏུ་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམ་སྟོབས་རྒྱལ་དང་། ཆེད་སྟོད་སྐུ་མགྲོན་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ་དང་། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་བཅས་ཕེབས་ཡོད་པ་རེད། དེ་བཞིན་དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་མི། སློབ་གྲྭ་ཁག་གི་སློབ་སྤྱི་དང་། བདེ་ལེགས་སྨན་ཁང་གི་སྨན་པ་སོགས་མགྲོན་འབོད་བྱས་ཡོད་པ་རེད། མཛད་སྒོར་དེར་ཁྲག་སྦྱིན་མཁན་མི་༡༦༢ ཙམ་ལ་བོད་ཀྱི་བདེ་རྩ་ངོས་ནས་ལེགས་གསོའི་མཇལ་དར་རེ་ཕུལ་བ་དང་། ཁྲག་སྦྱིན་པ་བཏོན་ཟིན་མཁན་ཚོགས་མི་༨ ལ་སྐུ་མགྲོན་གཙོ་བོས་ཕྱག་ནས་མཇལ་དར་ཕུལ་ཡོད་པ་རེད།
བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་གྱིས་“བོད་ཀྱི་བདེ་རྩ་ཚོགས་པའི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་རེད། ཁ་ཚ་དགོས་གཏུགས་ཀྱི་སྤྱི་ཚོགས་ནང་ཛ་དྲག་གི་དཀའ་ངལ་ཡོད་བསྡད་པ་རྐྱང་རྐྱང་ལ་ལས་ཀ་སྤྲད། ད་ལྟ་ཁྲག་སྦྱིན་གི་ལས་གཞི་འདི་ཡང་ཧ་ལས་པའི་ཡག་པོ་རེད་”ཅེས་བསྔགས་བརྗོད་གནང་བ་དང་། མུ་མཐུད་ཁོང་གིས་བརྗོད་དོན། “ད་ལྟ་ཁྲག་སྦྱིན་འདི་ང་ཚོའི་ནང་པའི་སངས་རྒྱས་པའི་ཆོས་ནང་ལ་སྦྱིན་པ་བཞི་ལས་བྱམས་པའི་སྦྱིན་པ་ཟེར་བ་དེ་རེད། བྱམས་པའི་སྦྱིན་པའི་ནང་སྐུ་ལུས་ཡོངས་སུ་སྦྱིན་པ་སོགས་ཡོང་གི་ཡོད་རེད། ཉམས་ཐག་དེ་ཚོར་སྦྱིན་པ་བཏང་བ་དེ་ཚོ་དེ་བས་ཀྱང་རྩ་ཆེན་པོ་རེད། དངས་བླང་གནང་མཁན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡིན་”ཞེས་ཁྲག་སྦྱིན་གྱི་ལས་གཞི་འདི་གལ་ཆེན་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས་“ཁ་ནང་ནས་ཆོས་བཤད། མ་ཎི་བཏོན། སྐོར་ར་སྐོར། དཔེ་ཆ་བློ་ལ་འདོན་དེ་ཚོ་ཆོས་ཡིན་མིན་ངས་མི་ཤེས། ད་ལྟ་འདི་ལྟོ་གོས་གཏམ་སོགས་གང་ལ་ཡང་མ་བལྟས་པར་ཕན་སེམས་གྱིས་ཀུན་ནས་བསླངས་ནས་སྐྱེ་བོ་ཉམ་ཐག་པ་ཞིག་ལ་དེ་རྩ་ཆེན་པོ་རེད་”ཅེས་དང་། བོད་ཀྱི་བདེ་རྩ་མིང་ཙམ་རེད་མ་གཏོགས་ཁོང་ཚོར་ངས་ཕན་ཐོགས་ཡ་གང་ཡང་ཞུ་ཐུབ་པ་མི་འདུག རྒྱབ་སྐྱོར་བྱས། བསྟོད་བསྔགས་བཏང་ནས་འདུག་རྒྱུ་མ་གཏོགས་མི་འདུག་ཅེས་གསུངས་སོང་།
ངེས་སྟོན་པ་ཚེ་རིོང་དོན་འགྲུབ་ཀྱིས་བརྗོད་དོན། དེང་སང་ནད་པ་མང་པོར་ཛ་དྲག་གི་ཁྲག་དགོས་མཁོ་བྱུང་སྟེ་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དང་བླངས་ཁྲག་སྦྱིན་གྱི་ལས་གཞི་འདི་འགོ་བཙུགས་པ་ཡིན་ཞེས་ངོ་སྤྲོད་གནང་སོང་ལ།
དེ་ནང་བཞིན་སྨན་པ་ཚེ་བརྟན་རྡོ་རྗེས་ཀྱང་ལས་གཞི་དེ་དང་འབྲེལ་བའི་ཐོག་ལ་གཏམ་བཤད་གནང་ཡོད་པ་རེད།
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོའི་བརྗོད་གཞི་ལྟར་ཁྲག་སྦྱིན་མཁན་ཚོ་དཔའ་པོ་རེད། དེར་བརྟེན་ཁྱེད་རང་ཚོ་ཡང་དཔའ་བོར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས། བོད་ཀྱི་བདེ་རྩ་ཚོགས་པ་དང་། འདེམས་ཁ་ཚོགས་པ། བདེ་ལེགས་སྨན་ཁང་། ཀུན་ཕན་དང་། སྨན་རྩིས་ཁང་སོགས་ང་ཚོ་དང་མཉམ་འབྲེལ་ལ་བརྩི་ཡི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས་ཀྱི་འདུག ཁྲག་སྦྱིན་གྱི་ལས་གཞི་འདིའི་ཐོག་ལ་མཐུན་རྐྱེན་ག་རེ་དགོས་ན་འཕྲོད་བསྟེན་ལས་ཁུངས་ནས་གཏོང་གི་ཡིན་ཞེས་གསུངས་སོང་།།
བོད་ཀྱི་བདེ་རྩ་ཕྱི་