ཆོས་རིག་བཀའ་བློན་ལ་རྒྱ་གཞུང་གི་སྐུ་ཚབ་ཀྱིས་གནོན་ཤུགས།
རྒྱ་གཞུང་གི་སྐུ་ཚབ་ཚོས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་ཡིན་པ་རྒྱུ་མཚན་དུ་བསྒྲེངས་ནས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཞུགས་མི་ཆོག་སྐོར་བརྗོད་ཡོད་ནང་། དེར་ཉན་འཇོག་བྱེད་སུ་གང་བྱུང་མི་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ནས་འགོ་བརྩམས་ཏེ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོ་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཐེངས་ ༢༦ པ་དེ་འཚོགས་ཡོད་པ་དང་། ཚོགས་ཐོག་དེར་རྒྱལ་ཁབ་ཁག་ ༣༣ ནས་ཆོས་ལུགས་སྐུ་ཚབ་ ༤༠༠ ལྷག་ཚོགས་བཅར་བའི་ཁྲོད། རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་ནང་པའི་གྲྭ་པ་ ༡༧ དང་གཞུང་འབྲེལ་སྐུ་ཚབ་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག་ལ། རྒྱ་གར་ནས་བཀའ་བློན་ཁྲི་ཟུར་མཁས་དབང་་ཟམ་གདོིང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་བྱས་ཏེ་ཕེབས་ཡོད་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ཡང་ཕེབས་ཡོད་པར་བརྟེན། ཚོགས་འདུའི་དབུ་འབྱེད་སྐབས་རྒྱ་གཞུང་གི་སྐུ་ཚབ་ཚོས་ཚོགས་འདུའི་གོ་སྒྲིག་པར་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ལ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཚོགས་བཅར་བྱས་ཡོད་པ་འཐུས་མིན་གྱིས། ཚོགས་ཐོག་ནས་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་པར། ཚོགས་ཆེན་གོ་སྒྲིག་པས་ བཀའ་བློིན་འཁྱུག་ཙམ་རིང་ཚོགས་བཅར་མི་གནང་བའི་འབོད་སྐུལ་ཞུས་ཡོད་པ་ལྟར། བཀའ་བློན་གྱིས་ཁོང་ལ་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ནས་མགྲོན་འབོད་བྱུང་བ་ལྟར། ཚོགས་བཅར་བྱས་ཡོད་པ་མ་ཟད། ཀོ་རི་ཡ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རྒྱ་གཞུང་གི་གནོན་ཤུགས་འོག་འགྲོ་དགོས་དོན་མེད་ན་ཡང་ཚོགས་བཅར་བ་༡༠༠༠ ལྷག་ཙམ་ཡོད་པ་དེ་རྣམས་ལ་སྐུ་ངལ་མི་འབྱུང་བ་དང་། ཚོགས་འདུའི་གོ་སྒྲིག་པ་ཚོར་མཛད་དཀའ་མི་འབྱུང་ཕྱིར་བཀའ་བློན་ཕྱིར་བཞུགས་གནང་རྒྱུར་ཞལ་བཞེས་ཕྱིར་ཕེབས་འཕྲལ། དེར་ཡོད་གསར་འགོད་པ་མང་དག་ཅིག་གིས་ཆུ་ཚོད་༡ ཙམ་གྱི་རིང་བཀའ་བློན་ལ་གནས་ཚུལ་ དྲི་བ་དྲིས་ལན་བྱས་འདུག
ཉིན་གུང་གསོལ་ཚིགས་རྗེས་བཀའ་བློན་བསྐྱར་དུ་ཚོགས་བཅར་བྱས་འཕྲལ་རྒྱ་གཞུང་གི་སྐུ་ཚབ་རྣམས་ངོ་རྒོལ་གྱིས་རྣམ་པར་ཚོགས་ཐོག་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཡང་ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོར་རྒྱ་གཞུང་གི་སྐུ་ཚབ་རྣམས་ཀྱིས་བཀའ་བློན་མཆོག་ལ་ཨ་རིའི་ལག་ཁྱེར་ཡོད་རུང། དོན་དུ་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཡིན་པའི་འགྲེལ་བརྗོད་དང་དཔང་རྟགས་ཡི་གེ་སོགས་གང་ཐུབ་ཀྱིས་བསྟན་འདུག་ཀྱང་དེར་ཉན་འཇོག་བྱེད་མཁན་སུ་ཡང་བྱུང་མི་འདུག
བཀའ་བློན་ལྷན་དུ་རྒྱ་གར་ཨ་རུ་ཎ་ཅལ་ནས་ཡིན་པའི་བླ་མ་མཚོ་སྣ་རིན་པོ་ཆེ་ལ་ཡང་རྒྱ་ནག་གཞུང་གི་སྐུ་ཚབ་ཚོས། རྙོག་གླེང་བྱས་པར་རིན་པོ་ཆེས་ཁོང་རྒྱ་གར་མི་སེར་ཡིན་ལུགས་གསུངས་འདུག ལྷག་པར་སུདྜིན་གྱི་སྐུ་ཚབ་ཅིག་ནས་རྒྱ་གཞུང་གི་སྐུ་ཚབ་ཚོར་མི་འདོད་པའི་གཏམ་བཤད་དང་རྣམ་འགྱུར་ཡང་བསྟན་འདུག
དོན་རྐྱེན་འདི་བྱུང་རིང་བཀའ་བློན་གྱིས་བཟོད་བསྲན་དང་རྣམ་འགྱུར་ཧ་ཅང་ཡག་པོ་བྱུང་སོང་ཞེས་ཚོགས་བཅར་བ་ཚོས་བཀའ་བློན་ལ་བསྟོད་བསྔགས་བྱས་འདུག་པ་མ་ཟད། ཚོགས་འདུའི་གོ་སྒྲིག་པས་བཀའ་བློན་ལ་རྒྱ་གཞུང་གི་སྐུ་ཚབ་ཚོས་སུན་པོ་བཟོ་སྐབས། བཟོད་བསྲན་ཆེན་པོ་གནང་བར་བསྔགས་བརྗོད་མཚོན་ཆེད་གནམ་གྲུའི་གླ་ཆ་དང་ཚོགས་དོད་བཅས་ཆག་ཡང་གཏོང་རྒྱུའི་སྙན་གསང་ཞུས་འདུག
རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དེར་རྒྱ་གཞུང་གི་སྐུ་ཚབ་ཚོས་བོད་པའི་སྐུ་ཚབ་ཕྱིར་འབུད་གཏོང་ཐབས་བྱས་ཡོད་ཀྱང་། མཐར་དེ་ལས་ལྡོག་སྟེ་རྒྱ་གཞུང་གི་སྐུ་ཚབ་རྣམས་ཚོགས་ཐོག་ནས་ཕྱིར་འཐེན་དགོས་བྱུང་ཡོད་པ་རེད་འདུག