གླིང་ཚ་ཚེ་བརྟན་རྡོ་རྗེར་བལ་ཡུལ་གཞུང་ནས་ཁྲིམས་ཆད།
ཟླ་འདིའི་ཚེས་ ༡༥ ཉིན་ཕྱི་དྲོ་བོད་དོན་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་བལ་ཡུལ་དུ་ཡོང་ཆོག་པའི་ཡིག་ཆ་མེད་པའི་ཉེས་མིང་འོག ལོ་ལྔ་དང་ཟླ་༥ ཉིན་༢༥ ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་ཁྲིད་ཡོད་འདུག
སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་བ་ལྟར་ན། ཚེ་བརྟན་རྡོ་རྗེ་ལ་ཐོག་མར་བལ་ཡུལ་གཞུང་གིས་དངུལ་སྒོར་གྱི་ཆད་པ་བཅད་དེ་གཏོང་རྒྱུ་བྱས་ཡོད་ནའང། དངུལ་སྒོར་མ་སྤྲོད་པར་བརྟེན། ཁྲིམས་ཐག་ལོ་ལྔ་དང་ཟླ་༥ ཉིན་༢༥ བཅད་པ་རེད། ཁྲིམས་ཆད་ཀྱི་ཉི་མ་བརྩི་སྟངས་དེ་ཆུ་ཚོད་༢༤ ཉིན་གཉིས་ལ་བརྩི་སྟངས་ཡོད་པ་དེ་རེད་ཅེས་འགྲེལ་བརྗོད་བྱས་སོང་།
ཁོང་གིས་དེ་རིང་ཞོགས་གནས་ཚུལ་ཕྱི་ཕྱོགས་སུ་བཏང་བ་ལྟར་ན། “དེ་རིང་ང་རང་ཐོག་ཁང་གི་ལས་ཁུངས་ཨ་མའི་ནང་དུ་སྐད་བཏང་སོང་། ལས་གཙོ་བ་དེས་ང་ལ་ཁྱེད་རང་དེ་རིང་གློད་གྲོལ་བྱེད་དགོས་ཀྱི་ཡོད་ན། ང་ཚོ་ལ་བལ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་སྤྲོད་དང་། ཁྱོད་རང་སོང་ཆོག་ཟེར།”ཞེས་དང་། “དེ་རིང་ནི་ང་རང་འདིར་བཅུགས་ནས་ཉིན་ཉེར་ལྔ་དེ་ཡིན་ལ། དེ་རིང་ཕྱི་དྲོ་ནས་ཁོང་ཚོས་ལས་ཁུངས་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ངལ་གསོ་ཡིན། འདིའི་རིང་དུ་ཁྲིམས་ཐོག་དུ་ཁྲིད་མ་ཐུབ་པར་གཅིག་བྱས་ན་ང་རང་ཁྲིམས་ཐོག་ལ་མུ་མཐུད་དུ་མི་བསྐྱེལ་བར་བཙོན་ཁང་དུ་འཇུགས་སྲིད་པ་ཡིན། ང་རང་ལ་ཁྲིམས་ཐོག་ནས་ཐག་གཅོད་ལྟར་བཙོན་ཁང་དུ་བཅུགས་པ་ཡིན་ན། དེ་ལ་ང་རང་གིས་སྔ་ནས་དྭང་ལེན་བྱེད་རྒྱུར་གྲྭ་སྒྲིག་ཡོད་ཀྱང་། མི་འདི་དག་གིས་བྱེད་སྟངས་ལ་བལྟས་དེ་འོང་དུས། རྒྱལ་ཁབ་འདིའི་ལས་ཁུངས་དུ་ཁྲིམས་བརྩི་སྲུང་གིས་མི་ལ་ཐག་གཅོད་བྱེད་མཁན་ཞིག་གཏན་ནས་མེད་པར། སྒོར་མོ་ལས་གཏན་ནས་སུ་ཡང་ངོ་མི་ཤེས་པའི་ལས་ཁུངས་ཤིག་རེད་འདུག་སྙམ་པ་དེ་ངོས་སུ་མཐོང་དུ་བཅུགས་སོང་།”ཞེས་དང་། ཡང་“བོད་རིགས་སུ་ཞིག་གིས་ངའི་ཆེད་དུ་སེམས་ཁྲལ་གནང་མི་དགོས་ལ། ང་རང་ལ་ཡག་ཉེས་གང་བྱུང་ནའང་ཁྲིམས་ཐོག་གི་ཉེས་པ་དང་ཡི་གེ་ང་རང་གི་ལག་པར་མ་འབྱོར་དུ་ངས་འདི་དག་གི་ལྐོག་ཟ་རུལ་ངན་གྱིས་བྱ་སྤྱོད་འདི་ལ་དྭང་ལེན་གཏན་ནས་བྱེད་མི་སྲིད་པ་ཡིན།” ཞེས་སྤེལ་འདུག །