རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲིན་ཐར་གྱི་ཆེད་མར་མེའི་ཁྲོམ་སྐོར།
རྒྱལ་གཅེས་པ་རྟ་མགྲིན་ཐར་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ། རྐྱེན་ལམ་དུ་སོང་བར་མྱ་ངན་བསྔོ་སྨོན་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་གོམ་འགྲོས་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་༦།༣༠ ཙམ་ལ་མདོ་སྨད་གཅན་ཚ་ནས་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་དགོང་མོར་རྡ་སའི་ས་གནས་གཞོན་ནུ་དང་བུ་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྡ་ས་མེག་གྷན་ཁྲོམ་གཞུང་ནས་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་གི་མདུན་ཐང་བར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་ཞུ་ཆེད་མར་མེ་ཁྲོམ་སྐོར་གྱི་གོམ་འགྲོས་དང་སྨོན་ལམ་ཞིག་ཚོགས་ཡོད་པ་རེད། སྨོན་ལམ་གྲུབ་རྗེས་ཆབ་སྲིད་བཙོན་ཟུར་རིན་ཆེན་རྡོ་རྗེས། རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་དང་ད་ལྟའི་ས་གནས་དེའི་གནས་སྟངས་སྐོར་ལ་ངོ་སྤྲོད་བྱས་ཡོད་པ་དང་། ཡང་རྡ་སའི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ཀྱིས། གནས་ཚུལ་དེའི་སྐོར་ཕྱི་རྒྱལ་ཡུལ་སྐོར་བ་ཚོའི་ཆེད་དབྱིན་སྐད་ནང་ངོ་སྤྲོད་གནང་བ་དང་སྦྲགས། མི་མང་གིས་དང་བླངས་ཀྱི་མཉམ་ཞུགས་གནང་བར་ཡི་རངས་དང་བཀའ་དྲིན་ཆེ་ཞེས་བརྗོད་ཡོད་པ་རེད། གཅན་ཚ་བ་རིན་ཆེན་རྡོ་རྗེ་ལ་སྐད་ཆ་དྲིས་པར་། ཁོང་གིས་བརྗོད་དོན་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་གི་ལས་འགུལ་དེ། ཞོགས་པ་སྔ་པོ་ནས་རྒྱ་གཞུང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་བཏང་ཞིང་། གྲོད་པ་མི་ཞིག་པའི་ཆེད་དུ་ལས་ལ་ལྕགས་ཐག་ཀྱིས་བསྒྲིལ་ནས་བསྡམས་པ་དང་ས་སྣུམ་མང་པོ་འཐུང་རྗེས་མར་བསྲེགས་བཏང་འདུག་ཅེས་བརྗོད་སོང་། ཡང་གཅན་ཚ་བ་མགོན་པར་སྐད་ཆ་དྲིས་པར་ཁོང་གིས་བརྗོད་དོན། ཁོང་ཕལ་ཆེར་ན་ལོ་༦༠ ཙམ་ཡིན་ས་རེད། ནམ་རྒྱུན་ཆོས་དད་ཆེན་པོ་ཡོད་མཁན་ཞིག་རེད་ལབ་ཀྱི་འདུག་ཅེས་བརྗོད་སོང་།