རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཆུ་སྒང་དུས་དྲན།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ ཆུ་སྒང་གི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཐེངས་༥༣ པའི་མཛད་སྒོ་མོན་གྷོ་ནོར་བུ་རིའི་རྩེར་འཚོགས་ཡོད་པ་དང་།

མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤིས་དང་། སྤྱི་འཐུས་ཨ་ཀྲུག་ཚེ། ཆུ་སྒང་དབུས་རྒྱུན་དགེ་བཤེས་ངག་དབང་བློ་བཟང་དང་། དབུས་རྒྱུན་གོ་བོ་བློ་བཟང་ཕན་བདེ་ལགས་བཅས་ཀྱི་གཙོས་མོན་གྷོ་ས་གནས་ཀྱི་མདོ་ཁམས་པའི་གནད་ཡོད་མི་སྣ་དང་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་བཅས་མཉམ་འཛོམས་ཐོག་དུས་དྲན་སྲུང་རྩི་བྱས་ཡོད་པ་རེད།

chugang of mundgod 2012  6  16 1དེ་ཡང་དུས་དྲན་གྱི་བསྲུང་བརྩི་ཐོག་༧གོང་ས་མཆོག་གི་མཛད་འཕྲིན་རྒྱས་པ་དང་། བོད་ཁམས་དར་རྒྱས་ཡོང་དུ་བསངས་གསོལ་དང་རླུང་རྟ་སྒྲེང་འཛུགས་སོགས་ཀྱི་ལས་རིམ་རྣམས་གྲུབ་རྗེས། དབུས་རྒྱུན་དགེ་བཤེས་ངག་དབང་བློ་བཟང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱན་ལས་ཁང་ནས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་བའི་གསུང་བཤད་གནང་དོན། སྒྲིག་འཛུག་འདིའི་བོད་ཁ་བ་གངས་ཅན་པའི་ལྷ་སྐར་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུའི་བ་སྤུ་ཙམ་ལ་ཉེ་ཞོ་མེད་པར་དབུས་འགྱུར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་ཙམ་དུ་མ་ཟད། མགོན་པོ་གང་ཉིད་ཀྱི་བཀའ་དགོངས་འགར་མེད་ཐོག་ཤར་བསྐྱོེད་ཀྱི་དུས། ད་ལྟའི་བར་ཆོལ་གསུམ་བོད་རིགས་སྤྱི་མཚུངས་ཀྱི་བོད་བསྟན་སྲིད་ཆེད་དུ་ཞབས་ཞུ་གང་ལེགས་བསྒྲུབས་ཡོད་པ་དང་། ད་ལྟའི་ཆར་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་ངོས་ནས་བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་དང་འཕྱར་གྲུ་མཉམ་འདེགས་ཐོག་བོད་བསྟན་སྲིད་ཀྱི་ཆེད་དུ་ཆོས་སྲིད་གཉིས་ཀྱི་སྲི་ཞི་མཐའ་དག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཤེས་ཡོན་གལ་ཆེན་པོ་ཡིན་པ་དང་བོད་རིགས་གཞོན་སྐྱེས་ཚོའི་སློབ་སྦྱོང་ཧུར་ཐག་བྱེད་དགོས་སྐོར་བཀའ་སློབ་ཟབ་མོ་གནང་དོན་བཞིན་མདོ་ཁམས་པའི་ངོས་ནས་ནུས་འཇོན་གང་ཡོད་ཀྱིས་རང་ཁོངས་མཐོ་སློབ་ཁག་ལ་བསྐྱོད་བཞིན་པའི་སློབ་ཕྲུག་༢༠ ཙམ་ལ་སློབ་ཡོན་གྱི་མཐུན་སྐྱེན་སྤྲོད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་མདོ་སྟོད་སྤྱི་འཐུས་བློ་བཟང་ཡེ་ཤིས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་གྱི་གསུང་འཕྲིན་ནང་འཁོད་དོན་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་བུ་བརྙེས་ནས། ད་ལྟའི་བར་དུ་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་རྩ་དོན་འཐབ་རྩོད་བྱེད་རྒྱུར་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་དང་། ཁ་གཏད་གདོང་ལེན་གྱི་ང་ཚོའི་མི་རབས་གོང་མ་ཚོའི་ཆོད་སེམས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་དགོས་པ་ཞིག་དང་། ལྷག་པར་དུ་དཀའ་སྡུག་དང་གནས་བབས་དེ་ང་ཚོའི་མགོ་ཐོག་ཏུ་ཡོང་བའི་དུས་ཚིགས་དང་མི་རབས་བརྗེ་བོ་ཐེབས་ཀྱི་ཡོད་ནའང་ང་ཚོའི་སེམས་ནང་ལ་བཞག་པའི་ན་ཚ་དེ་དག་དུས་ནམས་ཡང་དྲག་ཐུབ་ཡོད་པ་མ་རེད་ལ། ང་ཚོའི་མི་རབས་རྒན་པ་ཚོིའི་སྙིང་སྟོབས་དང་སེམས་ཤུགས་ཀྱིས་༧གོང་ས་མཆོག་གིས་བཀའ་དགོངས་གཞི་རྩར་བཟུང་ནས་མ་འོངས་པའི་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུར་དམ་བཅའ་བརྟན་པོ་དགོས་པ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་ལོ་འདིར་མདོ་ཁམས་ཆུ་སྒང་གིས་སློབ་ཡོན་སྤྲོད་ཀྱི་ཡོད་པའི་ནང་ནས་འདི་ག་མོན་གྷོ་ས་གནས་ཀྱི་མཐོ་སློབ་བསྐྱོེད་བཞིན་པའི་སློབ་ཕྲུག་གཞི་ལ་སློབ་ཡོན་རག་ཡོད་པ་དུས་དྲན་དང་སྟབས་བསྟུན་ནས། དེ་རིང་སྤྱི་འཐུས་གཉིས་ཀྱི་ཕྱག་ནས་ཕུལ་བ་སོགས་ཉིན་འདིའི་མཛད་རིམ་ཡོངས་སུ་གྲུབ་རྗེས། མོན་གྷོ་ས་གནས་རྒྱུན་ལས་ཕུར་བུ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་དང་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།