གླིང་ཚ་ལ་ཁྲིམས་ཆད་ལོ་གཉིས་རེད།
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ལོ་ལྔའི་ཁྲིམས་ཐག་བཅད་པ་རེད་ཟེར་བ་ནོར་འདུག ཕྱི་ཚེས་ ༡༥ ཉིན་བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་ནས་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ སྟེ་གསུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་ཀྱིས་ཨ་མ་དང་སྲིང་མོ་བཅས་བོད་བར་གོམ་བགྲོད་བྱེད་འཆར་བྱས་ཏེ། ཟླ་གཉིས་འགོར་འཚམས་བལ་ཡུལ་ས་འཚམས་སུ་འབྱོར་ཡོད་པ་དང་། བལ་ཡུལ་ས་མཚམས་ནས་བལ་ཡུལ་ཉེན་རྟོག་པའི་བཀག་འགོག་བྱས་པར་བརྟེན། ཚེ་བརྟན་རྡོ་ རྗེ་ཁོ་རང་གཅིག་པུར་གསང་སྟབས་ཀྱིས་བལ་ཡུལ་རྒྱལ་ཁུངས་སུ་འཛུལ། རྗེས་སུ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཉིན་ཉེར་ལྔའི་རང་ཕྱི་མི་ཞིབ་གཤེར་ཁང་དུ་བཅུག་ནས་ཐོག་མར་ བལ་སྒོར་ ༨༠༠༠ གི་ཉེས་ཆད་བཅད་ཀྱང་ཚེ་བརྟན་རྡོ་རྗེས་ངོས་ལེན་བྱས་མི་འདུག་ལ། ཕྱི་ཚེས་ ༡༥ ཉིན་ཡང་བསྐྱར་ཁོ་རང་ལས་ཁུངས་ཨ་མར་སྐད་བཏང་ནས་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ནས་དེ་སྤྲད་ན་ཁོ་རང་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་ཁོས་ངོས་ལེན་བྱས་མི་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ སྒོར་ ༥༠༠༠༠ ཉེས་ཆད་བཅད་ཀྱང་ཁོས་དེ་ཁས་ལེན་མ་བྱས་པར་བརྟེན། ཉིན་དེར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ལོ་ངོ་གཉིས་ཀྱི་ཁྲིམས་ཐད་བཅད་ཏེ་བལ་ཡུལ་ལྡི་ལི་བྷ་རྫར་(Dilli Bazaar)ཞེས་པའི་བཙོན་ཁང་དུ་ཁྲིད་ཡོད་འདུག
དེ་ཡང་བལ་ཡུལ་ཕྱི་མི་ཞིབ་གཤེར་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆའི་ནང་ “བལ་ལོ་ ༢༠༤༩ ལོར་གཏན་འབེབས་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༣ པའི་ནང་གསེས་ ༡ པོའི་ནང་ཕྱི་མི་སུ་ཡིན་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་མཐོང་ཆེན་མེད་པར་བལ་ཡུལ་ ནང་འཛུལ་ཞུགས་དང་བསྡད་མི་ཆོག་ཞེས་གསལ་ཡོད་ཀྱང་། ཁྱེད་རང་དེ་དང་འགལ་ཡོད་པས་བལ་ལོར་ ༢༠༤༩ ལོར་གཏན་འབེབ་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་གསེས་ ༤ བ་གཞིར་བཞག་ཐོག་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་པ་ཡིན། འོན་ཀྱང་ཁྱེད་རང་གིས་དེ་ངོས་ལེན་མ་བྱས་པར་རྟེན་བལ་ལོ་ ༢༠༦༩ ཟླ་ ༣ ཚེས་ ༡ ཉིན་རྒྱལ་ཁབ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་བལ་སྒོར་ ༥༠༠༠༠ ཉེས་ཆད་ལས་ཉིན་རེར་བལ་སྒོར་ ༢༥ རེ་འཐེན་པས་མང་མཐའ་ལོ་ ༥ ཟླ་ ༥ ཉིན་ ༢༥ ཆགས་ཡོད་ལ། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་བལ་ལོ་ ༢༠༧༤ ཟླ་ ༧ ཚེས་ ༢༥ བར་བཙོན་ཁང་དུ་འདུག་དགོས་མོད། འོན་ཀྱང་རྒྱལ་ཁབ་ཀྱི་ཉེན་ཁྲིམས་ཨང་ ༣༨ པའི་དོན་ཚན་ ༣ པ་གཞིར་བཟུང་སྒོར་ཆད་མ་སྤྲད་པར་རྟེན་མང་མཐར་ལོ་ ༢ བཙོན་ཁང་དུ་འདུག་དགོས་པའི་ཐད་གཅོད་བྱས་ཡོད། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་སྒྲིག་གཞི་གཞིར་བཟུང་ཐོག་ཟ་འཐུང་ཡོད་པའི་བཙོན་ཁང་དུ་བཅུག་རྒྱུར་ཐག་གཅོད་ བྱས་པ་ཡིན།”ཞེས་གསལ་ཡོད་པ་རེད།
དངོས་སུ་ཁྲིམས་ཐད་ཆད་དེ་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། དེ་ཡང་ཆུ་ཚོད་༢༤ ཉིན་གཉིས་ལ་བརྩི་ཡི་ཡོད་པ་རེད།།