༧གོང་ས་མཆོག་ནི་དཀོན་མཆོག་གི་མགྲིན་ཚབ་པ་རེད།

russell brandཟླ་འདིའི་ཚེས་༡༦ ཉིན་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གྲགས་ཅན་སྐུ་ཞབས་རཱས་སེལ་བྷ་ རན་ཌས་རྒྱལ་ཁབ་ཅིག་གི་རང་དབང་དང་། མི་སྒེར་གྱི་ཚོང་གི་ཁེ་ཕན་གཉིས་གང་གལ་ཆེ་བ་ཡིན་བསམ་བློ་གཏོང་དགོས་རེད་ཅེས་བོད་དོན་རྒྱབ་སྐྱོར་བྱས་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་དབྱིན་ཇིའི་གྲོང་ཁྱེར་མན་ཆེ་སི་ཊར་ ཁུལ་དུ་ཐོག་མར་གསར་ཤོག་གྲགས་ཅན་ཁག་གཅིག་གི་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་བསྩལ་བ་དང་། དེ་རྗེས་གཞོན་སྐྱེས་ཚོགས་པ་འདྲ་མིན་གྱི་འགོ་ཁྲིད་རྣམས་ལ་སོ་སོས་འགན་ཁུར་བླངས་ཏེ་སྤྱི་ཚོགས་བཟང་པོ་ཞིག་ཏུ་སྒྱུར་ཐབས་བྱེད་དགོས། ཞེས་པའི་བརྗོད་གཞིའི་ཐོག་(Stand up & Be the Change) བཀའ་སློབ་བསྩལ་དོན། ངོས་རང་དུས་རབས་ ༢༠ པའོ་མི་ཞིག་ཆགས་ཡོད། དུས་རབས་ ༢༠ ད་ཆ་ཡོལ་ཟིན། དུས་རབས་དེའི་སྐབས་མི་ཚོས་འཛམ་གླིང་གི་རྙོག་གྲ་དང་དཀའ་ངལ་དེ་དག་སེལ་རྒྱུའི་ ཐབས་ལམ་ཉག་གཅིག་ནི་དྲག་པོའི་སྟོབས་ཤུགས་ཁོ་ན་ཡིན་པར་ངོས་འཛིན་བྱས་ཡོད། སྤྱིར་རྙོག་གྲ་སེལ་རྒྱུའི་འདུན་པ་བཅངས་ཏེ་དྲག་ཤུགས་བེད་སྤྱོད་བྱེད་སྐབས་ཀུན་སློང་ལ་སྐྱོན་མེད་ཀྱང་། ཐབས་ལམ་དེ་ནོར་བ་རེད། གང་ཡིན་བརྗོད་ན། དྲག་པོས་རྙོག་གྲ་སེལ་རྒྱུའི་ཚབ་ཏུ་རྙོག་གྲ་འཕར་མ་བཟོ་ཡི་ཡོད། ང་ཚོས་ཉམས་མྱོང་ཐོག་ནས་དཀའ་ངལ་དེ་དག་འཚེ་བ་མེད་པའི་གྲོས་མོལ་གྱི་ཐབས་ལམ་ཁོ་ན་བརྒྱུད་སེལ་རྒྱུ་གལ་ཆེ་ཡིན་པ་ཤེས་དགོས། ཞེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་བསྩལ།

dalailama2_16_6_2012ཉིན་གུང་༧གོང་ས་མཆོག་གིས་མན་ཆེ་སི་ཊར་ཨེ་རི་ཆིབས་སྒྱུར་བསྐྱངས་ཏེ་གཞོན་སྐྱེས་ཆིག་ཁྲི་བརྒལ་བར་བཀའ་སློབ་བསྩལ་བ་དང་། སྐབས་དེར་དབྱིན་ཇིའི་མཚར་གཏམ་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རས་སེལ་བྷ་ རན་ཌ་(Russell Brand) གྱིས་གཞོན་སྐྱེས་ཚོར་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཀྱི་གསུང་བཤད་སྐབས། ཁོང་གིས་“༧གོང་ས་མཆོག་གིས་དཀོན་མཆོག་གི་མགྲིན་ཚབ་པ་གནང་སྟེ། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཕན་བདེ་སྒྲུབ་བཞིན་ཡོད་པས། ང་ཚོས་ཁོང་གིས་གང་གསུང་བསྒྲུབ་དགོས་པ་རེད་”ཅེས་གསུངས་འདུག

བྷི་བྷི་སི་གསར་འགོད་པས་ཁོང་ལ། ཁྱེད་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་ལ་བརྟེན་ནས། ཁྱེད་ཀྱི་གློག་བརྙན་གྲགས་ཆན་ཁག་རྒྱ་ནག་ནང་དུ་བཀྲམ་རྒྱུར་གནོད་སྐྱོན་ཡོང་རྒྱུ་ཡིན་མིན་སྐོར་དྲིས་པར། ཁོང་གིས། “རྒྱལ་ཁབ་ཅིག་གི་རང་དབང་དང་། མི་སྒེར་གྱི་ཚོང་གི་ཁེ་ཕན་གཉིས་གང་གལ་ཆེ་བ་ཡིན་བསམ་བློ་གཏོང་དགོས། གལ་སྲིད་མིའི་བསམ་བློའི་དཔལ་ཡོན་ལས་ཕུང་པའི་སྤྱི་ཚོགས་ཤིག་གྲུབ་ན། འགྲོ་བ་མིའི་སྤྱི་ཚོགས་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་”ཅེས་གསུངས་འདུག

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷོ་ ཨ་མི་རི་ཀའི་གཱོ་ཏ་མ་ལ་ནས་Guatamalaཡིན་པ་སྐུ་ཞབས་མ་ཡན་རི་གོ་བྷེར་ཏ་མན་ཅུ་ Mayan Rigoberta Menchu མཆོག་དང། ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་ Desmond Tutu རྣམ་གཉིས་ཀྱིས་གནས་འཕྲིན་ཐུང་ངུ་ཞིག་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན།

དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། གལ་ཏེ་ངོས་རང་ནང་པ་ཞིག་དང་བོད་མི་ཞིག་ཡིན་བསམ་པའི་ཀུན་སློང་བཅངས་ཚེ་ང་ཚོའི་དབར་རང་བཞིན་གྱིས་བར་ཁྱད་ཅིག་ཡོང་རྒྱུ་ཡིན། དེར་བརྟེན་ངོས་ཀྱིས་རྒྱུན་དུ་ང་ཚོ་ཚང་མ་ལུས་ཤེས་དང་། སེམས་ཚོར་གང་གི་ཆ་ནས་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཆགས་ཡོད་བསམ་དྲན་གྱི་ཡོད། མིའི་རྣམ་དཔྱོད་ལ་བརྟེན་ནས་དུད་འགྲོ་དང་ཁྱད་པར་འབྱེད་ཀྱི་ཡོད། འོན་ཀྱང་གལ་ཏེ་ཆགས་སྡང་གིས་གཞན་དབང་དུ་སོང་ཚེ་རྣམ་སྤྱོད་དེས་ཕན་པ་ལས་གནོད་ པའི་རྐྱེན་དུ་འགྲོ་རྒྱུ་ཡིན། དེར་བརྟེན་དེ་འདྲ་མི་ཡོང་ཆེད་ང་ཚོས་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་བྱམས་བརྩེའི་བསམ་པ་ཉམས་སུ་བླངས་ཏེ་མ་འོངས་པར་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་རྒྱུར་འཆར་སྣང་ཙམ་མ་ཟད། ཆོད་སེམས་དང་ཞུམ་པ་མེད་པའི་སྙིང་སྟོབས་བཅངས་དགོས། བཟང་སྤྱོད་ཀྱི་བསམ་བློ་དེ་འདྲ་ཞིག་རྒྱུད་ལ་བསྐྱེད་པར་རང་ཉིད་ལ་གདེང་སྤོབས་དགོས། སེམས་ནང་གདེང་སྤོབས་དེ་འདྲ་ཞིག་ཡོང་བར་རང་ཉིད་ཀྱིས་གཞན་ལ་དྲང་པོ་དྲང་གཞག་དང་བསམ་པ་རྣམ་དག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་བསྩལ།

དེ་རྗེས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་༧གོང་ས་ མཆོག་ལ་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་ཀྱིས་དབྱིན་ཇིའི་སློབ་གྲྭའི་སློབ་ཕྲུག་བུད་མེད་སོ་ཕི་ཡ་ Sophia ལགས་ཀྱིས་བྱམས་བརྩེའི་ཉམས་ལེན་ཐོག་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་སྤེལ་བར་ཆེ་བསྟོད་ཀྱི་བྱ་དགའ་གསོལ་རས་བསྩལ་ཡོད་པ་རེད།།