འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན།

ཇཱི་༢༠ འམ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་མེག་སི་ཀོ་ལ་ཟླ་འདི་ཚེས་༡༨ ནས་༡༩ བར་འཚོགས་ཏེ། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་གསོ་དང་ཡར་རྒྱས་ཡོང་ཐབས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཚོགས་ཆེན་དེའི་སྟེང་ཨར་ཇེན་ཊི་ནའི་སྲིད་འཛིན་ཀིར་ཆི་ནེར་དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་ཇཱིལ་ལར་ཌ། བྷི་ར་ཛིལ་གྱི་སྲིད་འཛིན་རཱོ་སེ་ཧྥ། ཁེ་ན་ཌ་ཡི་སྲིད་བློན་ཧར་པེར། རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ། ཧྥ་རན་སིའི་སྲིད་འཛིན་ཧོ་ལེན་ཌ། ཇེར་མི་ནི་སྲིད་འཛིན་ཨེན་ཇི་ལ་མར་ཀེལ། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་། ཨིན་དྷི་ནེ་ཤི་ཡའི་སྲིད་འཛིན་ཡུ་དྷོ་ཡོ་ནོ། ཨི་ཊ་ལིའི་སྲིད་བློན་མོན་ཊི། ཉི་ཧོང་གི་སྲིད་བློན་ཡོ་ཤི་ཧི་ཀོ་ནོ་ཌ། མེག་ཟི་ཀོའི་སྲིད་འཛིན་ཁལ་དེ་རོན། ཨུ་རུ་སུའི་སྲིད་འཛིན་པུ་ཊིན། སོ་དྷི་ཨ་རབ་བྷི་ཡའི་དཔལ་འབྱོར་བློན་ཆེན་ཨལ་ཨ་ཟཱ་ཧྥ། ལྷོ་ཨ་ཧྥ་རི་ཀའི་སྲིད་འཛིན་ཛུ་མཱ། ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མྱུང་བྷག ཊར་ཀི་སྲིད་བློན་ཨར་དྷོ་གྷན། དབྱིན་ཡུལ་གྱི་སྲིད་བློན་ཁཱ་མེ་རོན། ཨ་རིའི་སྲིད་འཛིན་ཨོ་བྷ་མ། ཡུ་རོབ་ཟུར་བསྐོས་ཚོགས་ཆུང་གི་སྲིད་འཛིན་བྷར་རོ་སཱོ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་རོམ་པུ་ཡེ་བཅས་བཟོ་ལས་དང་དཔལ་འབྱོར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་འཛོམས་ཡོད་པ་རེད།

ཚོགས་ཆེན་དེའི་ནང་ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་གསོ་དང་ཡར་རྒྱས་ཡང་དག་པ་ཞིག་ཡོང་ཆེད་མེག་སི་ཀོའི་སྲིད་འཛིན་གྱིས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཁག་སོ་སོར། སྔོན་འགྲོའི་གྲོས་མོལ་རིམ་པ་ཞིག་གོ་སྒྲིག་བྱས་ནས་རེ་འདུན་དང་བསམ་ཚུལ་མི་འདྲ་བ་ཇི་ཡོད་ཕན་ཚུན་གོ་བསྡུར་ལྷུག་པོར་བྱས་པ་ཡོད་པ་རེད། གྲོས་བསྡུར་དེ་ཚོགས་ཆེན་གྱི་ལས་རིམ་ནང་ནས་གལ་ཆེ་ཤོས་སུ་བརྩིས་ནས་ད་ལྟའི་ཡུ་རོབ་ནང་གི་དཀའ་ངལ་སེལ་ཐབས་ལ་འབད་ཀྱི་ཡོད་པ་རེད། དེར་མཉམ་འབྲེལ་གྱིས་དཔལ་འབྱོར་དང་དངུལ་རྩིས་འཆར་འགོད་ཡང་དག་པ་ཞིག་ཡོང་བར་མདུན་སྐྱོད་བྱེད་རྒྱུ་དང་། དེ་ཡང་དངུལ་ཁང་གི་མཐུན་རྐྱེན་དང་འགན་སྲུང་གཅིག་མཚུངས་སམ་ལམ་ལུགས་ཐུན་མོང་ཞིག་གི་ཐོག་བསྐྱོད་རྒྱུ་དེ་ཡིན་པ་རེད།

ཨ་རི་དང་། རྒྱལ་སྤྱིའི་དངུལ་རྩིས་ཐེབས་རྩ། ཡུ་རོབ་ཟུར་བསྐོས་ཚོགས་ཆུང་བཅས་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་དངུལ་ཁང་གི་ལམ་ལུགས་གཅིག་གྱུར་བཟོ་རྒྱུར། ཤུགས་སྣོན་བརྒྱབ་ཐོག་བུ་ལོན་གྱི་དཀལ་ངལ་མེད་པ་བཟོ་བར་ནུས་པ་འདོན་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་བྷར་རཱོ་སཱོ་ཡིས་ཡུ་རོབ་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་པ་དེས། འགོག་རྐྱེན་བཟོ་བ་ལས་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག ད་ལྟ་རྒྱལ་ཁབ་༡༧ ཐུན་མོང་གིས་སྤྱོད་བཞིན་པའི་ཡུ་སྒོར་གྱི་དཀའ་ངལ་གྱི་གནས་སྟངས་ལ་བསམ་ཤེས་དགོས་པ་དང་། རུ་ཁག་༢༠ ཚོགས་ཆེན་དུ་དངུལ་རྩིས་དང་། གཞུང་ཁྲལ་དངུལ་འབབ། ཆབ་སྲིད་ཀྱི་བདེ་འཇགས་སོགས་ཇི་ལྟར་ཡར་རྒྱས་གཏོང་དགོས་སྐོར་གྲོས་མཐུན་ཡོང་དགོས་པ་ལས། བཀའ་སློབ་གནང་རེས་བྱས་ན་ཕན་ཐོགས་གང་ཡང་མེད་ཅེས་བརྗོད་ཡོད་པ་རེད། ཚོགས་ཆེན་དེར་ཨ་རིས་འཇར་མི་ནི་དང་རྒྱ་ནག་གཉིས་ལ་འཛམ་གླིང་གི་དཔལ་འབྱོར་ལ་ཕན་པའི་དཔལ་འབྱོར་གྱི་འགྲོ་སོང་སྟངས་འཛིན་ལེགས་པོ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། དེ་བཞིན་ཨ་རིས་ཨུ་རུ་སུ་ཡི་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་ཐོག་སི་རི་ཡའི་ཛ་དྲག་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་སྐོར་ལ། གྲོས་བསྡུར་བྱས་ཡོད་ཀྱང་གནད་དོན་དེའི་དཀའ་ངལ་སེལ་ཐུབ་པའི་ཐབས་ལམ་གང་ཡང་བཏོན་མེད་པ་རེད།

ཚོགས་ཆེན་འདིར་སི་རི་ཡ་དང་། གྷི་རི་སི། ཨི་ཊ་ལི། སི་པཱན་སོགས་ཀྱི་དཀའ་ངལ་སེལ་ཐབས་སྐོར་ལ་གྲོས་བསྡུར་བྱུང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན་དང་ཆ་སྙོམས་ཡོང་སླད་སྲིད་ཇུས་བཟང་པོ་གཏན་འབེབས་བྱས་ཐོག མི་མང་གི་དགོས་མཁོ་དང་རེ་བ་བཞིན་ལས་ཀ་མང་པོ་སྤྲད་ཐབས་བྱེད་རྒྱུ་ཡིན་པ་རེད།  ཚོགས་ཆེན་མ་འཚོག་གོང་དུ་ས་གནས་གང་ས་ནས་མི་མང་གི་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་རེད། ཚོགས་ཆེན་འདི་ནས་རྒྱལ་སྤྱིའི་དངུལ་རྩིས་ཐེབས་རྩའི་སྟོབས་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གིས་ཐེབས་རྩ་དེར་ཛ་དྲག་གི་དཔལ་འབྱོར་དཀའ་ངལ་སེལ་ཆེད་ཨ་སྒོར་ཐེར་འབུམ་༤༣ དཀར་འཇུག་གམ་ཟུར་འཇོག་བྱས་ཡོད་པ་དང་། རྒྱ་གར་དང་། ཨུ་རུ་སུ། བྷ་རི་ཛལ་བཅས་ནས་ཨ་སྒོར་ཐེར་འབུམ་༡༠ རེ་བྱས་ཡོད་པ་རེད།
ཚོགས་ཆེན་འདི་ནས་གྲོས་ཐག་མ་ཆོད་པའི་ཡུ་རོབ་ཀྱི་དཀའ་ངལ་དག་འདི་ཟླ་ཚེས་༢༨ ནས་༢༩ བར་ཡུ་རོབ་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་པས་དེར་ཐག་གཅོད་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་རེད།