བསྟན་འཛིན་མཁས་གྲུབ་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་འདུག
ཟླ་འདིའི་ཚེས་ ༢༤ ཉིན་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཚེས་༢༣ ཉིན་གྱི་ཞོགས་ཁམས་ཟིལ་དཀར་དགོན་དུ་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རང་ལུས་མེ་བསྲེག་གཏོང་མཁན་བསྟན་འཛིན་མཁས་གྲུབ་ཀྱི་ཕུང་པོ་ཞུགས་འབུལ་བྱས་ཡོད་འདུག
དེ་ཡང་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོར་ཟིལ་དཀར་དགོན་པའི་གྲྭ་མང་གིས་མར་མེ་སྟོང་ཕྲག་མང་པོ་སྤར་ནས་འདས་པོར་གདུང་མཆོད་བསྔོ་སྨོན་ཞིག་འཚོགས་ཡོད་པ་དང་། སྐབས་དེར་རྒྱ་མིས་དམ་དྲག་འོག་༧གོང་ས་མཆོག་གི་སྐུ་པར་དང་འདས་པོར་མྱ་ངན་དང་འདས་མཆོད་མཚོན་དོན་གྱི་ཡི་གེ་གང་ཡང་བཤམ་མ་བཅུགས་པར་བཀག་འགོག་བྱས་ཡོད་འདུག དེར་བརྟེན་གྲྭ་པ་རྣམས་ཀྱིས་འདས་པོའི་ཆེད་དུ་མར་མེ་སྤར་དེ་བསྔོ་བ་སྨོན་ལམ་དང་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་སོགས་གསུངས་ནས་འདས་མཆོད་མཚན་ཚོགས་དེ་གྲོལ་ཡོད་འདུག
དེ་ནས་ཕྱི་ཚེས་ ༢༣ གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༥ ནས་ ༨ བར་དུ་འདས་པོ་བསྟན་འཛིན་མཁས་གྲུབ་ཀྱི་ཕུང་པོ་ཟིལ་དཀར་དགོན་པའི་ལྕགས་རིའི་ནང་ཞུགས་འབུལ་བྱས་ཡོད་འདུག་ལ། སྐབས་དེར་ཡང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱས་ནས་ཐོག་མར་དགོན་པའི་གྲྭ་བ་ ༢༥ མ་གཏོགས་གཞན་གྲྭ་པ་གཅིག་ཀྱང་སྐུ་ཕུང་ཞུགས་འབུལ་བྱེད་སར་ཕེབས་མི་ཆོག་པའི་བཙན་བཀའ་གང་མང་བསྒྲགས་ཡོད་འདུག ཡིན་ནའང་དགོན་པའི་དོ་དམ་པ་དང་དེ་མིན་གྱི་གྲྭ་བ་འགས་རྒྱ་མིར་ཞུ་བ་ཡང་ཡང་བྱས་མཐར་གྲྭ་མང་ཕེབས་ཐུབ་ཙམ་བྱུང་འདུག ཡིན་ནའང་སྐབས་དེར་གྲྭ་པ་སུ་ཞིག་གིས་འདྲ་པར་ལེན་པ་དང་། བརྙན་པར་ལེན་པ་སོགས་ཀྱི་གནས་ཚུལ་གཏན་ནས་འབྱུང་བའི་འགན་ཁུར་དགོན་པའི་དོ་དམ་པས་བྱེད་དགོས་བྱུང་ཡོད་འདུག གཞན་ཡང་སྐབས་དེར་དམིགས་བསལ་ཉེན་རྟོག་པ་དང་དམག་མི་བདུན་བརྒྱ་ལྷག་རྫ་སྟོད་གྲོང་རྡལ་དང་དགོན་པའི་བར་གྱི་ས་ཚུགས་མང་པོར་བཀྲམ་ནས་བོད་མི་གཅིག་ཀྱང་དགོན་པར་ཡོང་མི་ཆོག་པའི་བཀག་འགོད་བྱས་ཡོད་འདུག་ལ། ད་དུང་མི་མང་གིས་བཤད་པ་ལྟར་ན་དགོན་པའི་མདུན་རྒྱབ་གྱི་རི་སྒང་དག་ཏུ་ཡང་རྒྱ་དམག་སྦས་སྐུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག །
མེ་སོར་གསར་འགོད་པས།