བྷེལ་རྗམ་དུ་མཆོད་འབུལ་ལས་འགུལ།

ཟླ་འདིའི་ཚེས་༢༤ ཉིན་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དང་བྷེལ་རྗམ་ས་གནས་ཏྲེ་ཧོར་སྐྱིད་སྡུག་གཉིས་མཉམ་འབྲེལ་གྱིས། བྷེལ་རྗམ་གྱི་རྒྱལ་ས་སྦར་སར་དུ་ཡོད་པའི་ན་ལེན་དྲའི་ཆོས་ཚོགས་སུ་བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོར་མཆོད་འབུལ་སྨོན་ལམ་དང་ནང་ཆོས་ངོ་སྤྲོད་ཞིག་གནང་སོང་།

beljam_2012_6_24

དེ་ཡང་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་ཤིན་ཏུ་ཡག་པོ་ཡོད་པའི་བཀའ་སློབ་གནང་གི་ཡོད་པར་བརྟེན། ད་ཐེངས་ངེད་ཚོགས་པ་གཉིས་ཀྱིས་གོ་སྐབས། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་འཇམ་དཔལ་ཆེད་དུ་གདན་ཞུས་ཀྱིས་སྔ་དྲོ་བོད་བསྟན་སྲིད་ཆེད་གཞིས་བྱེས་གཉིས་ལ་རང་ལུས་མེར་མཆོད་འབུལ་གནང་མཁན་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་དང་། ཉིན་རྒྱབ་དགེ་བཤེས་འཇམ་དཔལ་གྱིས་མི་མང་ལ་སྐྱབས་འགྲོ་དང་སེམས་བསྐྱེད་སྐོར་ལ་ངོ་སྤྲོད་དང་། དེ་རྗེས་མི་མང་ཚོའི་དོགས་དྲིར་བཀའ་ལན་གནང་བ་སོགས་ཧ་ཅང་ཡག་པོ་བྱུང་སོང་།

ད་ཐེངས་ཀྱི་ནང་ཆོས་ངོ་སྤྲོད་སྐོར་ལ་བསམ་ཚུལ་ལགང་ཡོད་མི་མང་ཁག་གཅིག་ལ་བཅར་འདྲི་ཞུ་སྐབས། ཁོང་རྣམ་པས་ལས་རིམ་དེ་འདྲ་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག སྤྱིར་བཏང་ང་ཚོས་དུས་རྒྱུན་ནང་པ་ཡིན་ཟེར་བ་ཙམ་ལས་ཅི་ཞིག་ལ་ནང་པ་ཟེར་བ་ཤེས་ཀྱི་མེད་པ་དང། དུས་རྒྱུན་ཕྱག་མཆོད་འབུལ་བྱེད་སྐབས་ཀྱང་ཕལ་ཆེ་བ་འཇིག་བརྟེན་ཆོས་བརྒྱད་ཀྱི་དབང་དུ་འགྲོ་ཡི་ཡོད་བཟོ་འདུག དེ་རིང་འདིར་དགེ་བཤེས་ཀྱིས་ང་ཚོར་གོ་བདེའི་ལམ་ནས་ངོ་སྤྲོད་གནང་དུས་དངོས་གནས་ཕན་ཐོགས་ཆེན་པོ་འདུག་ལ། མ་འོངས་པར་ཡང་གང་ཐུབ་ཐུབ་ཀྱིས་ནང་ཆོས་སྐོར་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་སྐྱེས་བྱུང་། ལྷག་པར་དུ་རང་གི་དོགས་དྲི་རྣམས་ཞེད་སྣང་མེད་པར་དྲི་རྒྱུ་རག་པ་དེ་དངོས་གནས་ཡག་པོ་འདུག སླད་མར་ཡང་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས་དེ་འདྲ་བའི་ལས་རིམ་གོ་སྒྲིག་གནང་ན་ངེས་པར་དུ་ཞུགས་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན་གསུང་མཁན་ཡང་འདུག

སྤྱིར་བཏང་ད་ཐེངས་ཀྱི་བོད་ཀྱི་རིག་གཞུང་བགྲོ་གླེང་ཆོས་རིག་འཛིན་སྐྱོང་ཁང་གི་རིག་གཞུང་བགྲོ་གླེང་ཐེངས་བདུན་པ་དང་། ཆེད་དུ་མཁན་པོ་དང་དགེ་བཤེས་གདན་ཞུས་ཀྱི་ཐད་ཀར་དྲི་བ་དྲི་ལན་བྱ་རྒྱུ་ཡོད་པ་ཐེངས་གཉིས་པ་དེ་རེད། ཐེངས་དང་པོར་དྲ་ལམ་skype ཐོག་ཤེས་རབ་གླིང་གི་མཁན་པོ་ཀརྨ་གཡུ་རྒྱལ་ལགས་གདན་ཞུས་ཀྱིས་དུས་རྒྱུན་འཚོ་བའི་ནང་འཕྲད་པའི་དཀའ་ངལ་ལ་ནང་ཆོས་ཀྱི་ཐོག་ནས་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་ལ་བགྲོ་གླེང་གནང་བ་རེད། དེ་རྗེས་ཉིན་གུང་ལ་གསོལ་ཚིགས་སྟབས་བདེ་ཞིག་ཀྱང་འབུལ་སོང་།

གནས་ཚུལ་མཁོ་གཏོང་བ་ལྷག་པ་ཚེ་རིང་གིས། བྷེལ་རྗམ་ནས།