བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་ཁག་གཉིས་གླེང་བ།

“ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་”_ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།

ཚེ་རིང་ཤཱཀྱ་དང་ཆུང་ཚེ་རིང་གིས་བྲིས།

༅༅། །བོད་ཀྱི་ལོ་རྒྱུས་ལ་ཞིབ་བལྟ་བྱས་ན། རང་ལུས་མེར་སྲེག་གིས་དབང་འཛིན་པར་ངོ་རྒོལ་བྱེད་པ་དང་། རང་ལུས་མེར་སྲེག་གིས་མཆོད་པ་འབུལ་བ་གཉིས་ཀ་འདས་པའི་ལོ་བརྒྱ་ཕྲག་མང་པོའི་གོང་དངོས་སུ་བྱུང་མྱོང་བ་ཞིག་ལས་གསར་པ་གང་ཡང་མིན།

ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་སྔ་ཤོས་ཀྱི་རང་ལུས་མེར་སྲེག་ནི་དུས་རབས་བརྒྱད་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ཡོད་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུའང་གནས་ཚུལ་རྒྱས་བསྡུས་ལ་མ་ལྟོས་པ་ཞིག་གསལ་ཡང།  དེ་ཚོའི་ཁུངས་གཙོ་བོ་སྦ་བཞེད་ཡིན་ཞིང་། སྦ་བཞེད་ལ་ཚིག་འགྲོས་མི་མཐུན་པའི་དཔེ་སྣ་ཚོགས་ཤིག་མཆིས་ཀྱང་། རང་ལུས་མེར་སྲེག་གི་གནས་ཚུལ་དེ་ངེད་གཉིས་ཀྱིས་མཐོང་བའི་དཔེ་ཚང་མའི་ནང་ལ་གསལ་ཡོད། འདིར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྦ་བཞེད་སྤར་མ་ལས་ལུང་དྲངས་ན།

“དེའི་ཚེ་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་གཅིག་བྲག་དམར་དུ་མཆིས་པ་ལ། དེས་ལུས་ངག་གི་ཆོས་བྱ་མི་དགོས། ལུས་ངག་གི་དགེ་བས་སངས་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་སངས་རྒྱ་ཟེར་ནས་སྒོམ་བསླབས་པས། བོད་ཀྱི་བཎྡྷེ་རིལ་པོ་ཕལ་གྱིས་ཁོའི་ཆོས་ལ་བསླབས་ཏེ། བསམ་ཡས་ལ་མཆོད་པ་འཕྲོ་བཅད། སློབ་གཉེར་དང་ལུས་ངག་གི་དགེ་སྦྱོར་འཕྲོ་བཅད། སྦ་རཏྞ་[ཡེ་ཤེས་དབང་པོ་]དང་། བཱཻ་རོ་ཙ་ན་དང་། དཔལ་དབྱངས་ལ་སོགས་པ་ཉུང་ཤས་གཅིག་བོ་དྷི་སཏྭའི་ཆོས་སློབ། དེར་ལྟ་བ་མ་མཐུན་ནས་རྩོད་དེ་འཁྲུགས་པ་ལ། བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་པ་བྱ་བར་གྲགས། གཅིག་ཤོས་ན་རེ། དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་གསོག་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ། ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས། སྤྱིར་ལྟ་བ་དང་སྤྱོད་པ་འཛོམས་པའི་ཆོས་ཅིག་ཡིན་པར་བརྩེ་མིན་པའི་ལྟར་ཡིན་གསུངས་པས། སྟོན་མིན་པ་ཡི་ཆད་པ་ལྟར་བྱས་ནས། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལ་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ་གཞན་མ་རྣམས་ཀྱང་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུ་མའི་ངོས་༌༌ལ་མཆིའོ། །”1

ཞེས་སྨྲས་ཤིང་། རྙོག་གྲ་ཆེན་པོ་ཆགས་སྟབས། རྒྱལ་པོས་རྒྱ་གར་ནས་སློབ་དཔོན་ཀཱ་མ་ལ་ཤི་ལ་གདན་དྲངས་ཏེ། ཧྭ་ཤང་དང་རྩོད་པ་བྱས་མཐར། ཧྭ་ཤང་ཕམ་པར་ཁས་བླངས་པ་སོགས་བྱུང་རབས་ཡོངས་གྲགས་རྣམས་ཡིག་ཚོགས་ལ་འཇིགས་ཏེ་འདིར་གླེང་མེད།

གོང་དུ་དྲངས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ལྟར་ན། སྐབས་འདིའི་རང་ལུས་མེར་སྲེག་བྱེད་ས་ནི་བོད་དབུས་གཙང་གི་བསམ་ཡས་ཕྱོགས་དང་། རང་ལུས་མེར་སྲེག་བྱེད་དོན་ནི། སྐབས་དེར་བོད་དུ་དར་ཆེ་བའི་རྒྱའི་ཧྭ་ཤང་གི་རིང་ལུགས་ཉམས་ལེན་དང་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཞིང་། དེང་སང་གི་བཤད་སྟངས་ལྟར་ན། ཆོས་དད་རང་མོས་ཀྱི་ཆེད་དུ་རེད། དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི་མེར་སྲེག་མཁན་བོད་མི་མ་ཡིན་པར་རྒྱ་མི་ཞིག་ཡིན་པ་དང་། རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད། སྦ་བཞེད་ཀྱི་མཇུག་དེར་བཞེད་པ་གཞན་དག་ཅིག་བཀོད་པའི་ནང་། རྒྱ་རིགས་ཆོས་པ་དེས་མགོ་ལ་མེ་སྤར་ཏེ་ནུབ་ཕྱོགས་བདེ་བ་ཅན་ལ་ཁ་བསྟན་ཏེ་འདས་ཞེས་གསལ་ཡོད་ཅིང་། ཡིག་ཆ་ཁ་ཤས་ཀྱི་ནང་རྒྱའི་སྟོན་པ་དེའི་མིང་ལ་“མེ་མགོ་”ཟེར་ཚུལ་འཁོད་ཀྱང་། དེ་ཁོང་གི་མིང་ངོ་མ་ཡིན་དང་། ཡང་ན་མགོ་ལ་མེ་སྤར་ནས་འདས་པའི་ཆ་ནས་ཕྱིས་སུ་བཏགས་པའི་མིང་ཡིན་མིན་ད་ལྟ་ཁ་ཚོན་གཅོད་ཐུབ་ཀྱི་མེད།

བོད་ཀྱི་ལོ་རྒྱུས་ཡིག་ལམ་དུ། རང་ལུས་མེར་སྲེག་གི་གནས་ཚུལ་གཞན་ཞིག་འཁོད་པ་དེ་ནི་བོད་བསིལ་བུར་འཐོར་རྗེས་དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་བྱུང་འདུག་ཅིང་། རང་སྲེག་བྱེད་མཁན་བོད་མི་ཡིན་པ་དང་མིང་ལ་མདོལ་ཆུང་བསྐོར་དཔོན་ཟེར། ཁོང་གི་མིང་རང་ནས་རོབ་ཙམ་ཤེས་ནུས་པ་ལྟར། ཁོང་ནི་སྤྱི་ཚོགས་ནང་གནས་བབས་ངེས་ཅན་ཡོད་པ་ཞིག་ཡིན།

དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བ་ལྟར་ན། འབངས་གྱེན་ལོག་བྱུང་རྗེས། ལྷ་སའི་ཇོ་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཉིས་ལ་ཞབས་ཏོག་མེད་པར་སྤྲང་པོས་ཡུན་རིང་བཟུང་སྟེ། ལྷ་ཁང་ཐམས་ཅད་ལ་ཐབ་བཙུགས་ནས་དུ་བས་མོག་པོར་བྱས་སྟབས། མདོལ་ཆུང་བསྐོར་དཔོན་དང་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གཉིས་ཀྱིས། ཐབས་ཤེས་དུ་མས་སྤྲང་པོ་རྣམས་གཙུག་ལག་ཁང་གཉིས་ནས་ཕྱིར་འབུད་ཐབས་བྱས་ཀྱང་ལམ་ལྷོང་མ་བྱུང་། མཐའ་མ་ཁོང་གཉིས་ཀྱིས་སྤྲང་པོ་སྡོད་ཡུལ་སྤྲང་ཁང་ཟུར་དུ་བརྩིགས་ཐོག །དམག་མི་སྦས་ཏེ་བཞག །གཙུག་ལག་ཁང་གཉིས་ལས་ཅུང་ཟད་རིང་བའི་སར་སྟོན་མོ་བཤམས་པས། སྤྲང་པོ་རྣམས་ཟས་ལ་བརྔམས་ཏེ་སྟོན་མོར་འདུས་པའི་སྐབས་དང་བསྟུན་ཏེ། གཙུག་ལག་ཁང་གཉིས་དམག་གིས་བཟུང་སྟེ་སྤྲང་ཚང་ཡོངས་སུ་བཏོན་པར་མ་ཟད། གཙུག་ལག་ཁང་གཉིས་ནང་ལྷ་སྐུ་གསར་བཞེངས་དང་ཉམས་གསོ་ཞབས་ཏོག་ཕུལ་དུ་བྱུང་བ་མཛད་ཡོད། དེ་འདྲའི་གལ་ཆེའི་མཛད་རྗེས་ཡོད་པའི་མདོལ་ཆུང་བསྐོར་དཔོན་གྱིས་ཕྱིས་སུ་རང་ལུས་མེ་མཆོད་དུ་ཕུལ་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བ་འདིར་དྲངས་ན།

“ཕྱིས་མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེར་སྤར་ཏེ་ཇོ་བོའི་དྲུང་དུ་ཕུལ་ནས་འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་གཉིས་བཏོན་ནས་གསུམ་པའི། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་སྐབས་སུ་ཉམས་འུར་ནས་བཀྲབས་ཏེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་ཞིག་ནམ་མཁར་སོང་། དེ་མ་ཐག་ས་གཡོས་མེ་ཏོག་གི་ཆར་ཆེན་པོ་བབ་སྐད།” 2ཅེས་གསལ་འདུག

མདོལ་ཆུང་བསྐོར་དཔོན་གྱིས་རང་ལུས་མེ་མཆོད་དུ་ཕུལ་བ་འདི་ནི་ཕྱོགས་མང་པོ་ནས་གོང་དུ་རྒྱ་རིགས་ཆོས་པས་རང་བསྲེགས་ངོ་རྒོལ་བྱས་པ་དང་རྦད་དེ་ཐ་དད་ཆགས་ཡོད། དེ་ཡང་དེར་གཅིག་ནས་དབང་འཛིན་པའི་གནོན་ཤུགས་མེད་པ་དང་། གཉིས་ནས་གནས་ཚུལ་འདིའི་རྒྱབ་ལྗོངས་སུ་སྤྱི་ཚོགས་ཀྱི་རྙོག་གྲ་གང་ཡང་མེད། གསུམ་ནས་རང་བསྲེགས་བྱེད་མཁན་གྱིས་སྲིད་གཞུང་ངམ་སྤྱི་ཚོགས་ལ་དགོས་འདུན་གང་ཡང་བཏོན་མེད། མདོར་བསྡུས་ནས་བཤད་ན། མདོལ་ཆུང་བསྐོར་དཔོན་གྱི་རང་ལུས་མེ་མཆོད་དུ་ཕུལ་བ་དེ་ནི་ཆོས་ཕྱོགས་རྐྱང་པ་ཡིན་པ་ལས། སྒྲིག་འཛུགས་སམ་མི་སྒེར་སུ་ལའང་ངོ་རྒོལ་གྱི་ཀུན་སློང་དང་དམིགས་ཡུལ་མེད་པ་གསལ་པོ་རེད།

གོང་གསལ་བོད་ཀྱི་ལོ་རྒྱུས་སུ་འཁོད་པའི་རང་སྲེག་གི་གནས་ཚུལ་དེ་གཉིས་ལས། དང་པོ་ནི་པུར་རྒྱལ་བཙན་པོའི་བཀའ་དབང་ལ་ངོ་རྒོལ་དང་རང་གི་རིང་ལུགས་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཞིང་། ཕྱི་མ་ནི་རང་གི་ལུས་ངག་ཡིད་གསུམ་དཀོན་མཆོག་ལ་འབུལ་བའི་དད་དམ་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་བྱེད་ཅིག་རེད། རང་སྲེག་གི་གནས་ཚུལ་འདི་གཉིས་ཀྱི་དུས་ཚོད་དང་རྒྱབ་ལྗོངས། དམིགས་ཡུལ་སོགས་ལ་ཁྱད་པར་ཇི་ཙམ་ཆེ་ནའང་། དེ་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི། རང་སྲེག་བྱེད་མཁན་གཉིས་ཀའི་དད་པ་ཧ་ཅང་བརྟན་པོ་ཡིན་པ་དེ་རེད།

ཕྱོགས་གཞན་ནས་བསམས་ན།  སྐབས་དེར་རྒྱའི་ཆོས་པས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་། ཁོང་གི་ཕྱོགས་གཏོགས་ཀྱིས་གཞན་སྡེ་ཡོངས་རྫོགས་ཀྱང་གསོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱ་ཡུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཆ་བཞག་ན། ཁོང་གིས་གནད་དོན་དེ་གལ་ཆེན་དུ་བརྩིས་ནས་ལམ་སང་བྱ་ཐབས་སྣ་ཚོགས་སྤྱད་པར་མ་ཟད། རྩོད་པ་ཆོས་ཕྱོགས་སུ་ཞི་ཆེད་དུ། གཙོ་བོ་རྒྱའི་ཧྭ་ཤང་གི་རིང་ལུགས་འཛིན་པ་དང་། རྒྱ་གར་པཎ་གྲུབ་ཀྱི་རིང་ལུགས་འཛིན་པ་གཉིས་ཕན་ཚུན་རིགས་པ་དང་རྒྱུ་མཚན་གྱི་ཐོག་ནས་བགྲོ་གླེང་བྱེད་དུ་བཅུག་སྟེ། དཀྱེལ་ཡངས་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་རྙོག་གྲ་ཆེན་པོ་དེ་ཡོངས་སུ་ཞི་འཇམ་དུ་བཏང་ཡོད། ཚད་གཞི་དེའི་ཐོག་ནས་བལྟས་ན། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་སྟོབས་ཆེན་དང་ཡར་ཐོན་དུ་རློམ་པའི་རྒྱལ་ཁབ་དང་སྲིད་གཞུང་ལ་ལས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཚོར་འཛིན་པའི་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད།། །།

1 སྦ་བཞེད། སྦ་གསལ་སྣང་གིས་བརྩམས། ༡༩༨༢ ལོའི་པར་མ། མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༦༧ ལ་གསལ།

2 ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། ༡༩༨༦ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༤༧ ལ་གསལ།

This will close in 0 seconds