རྔ་པ་ནས་བོད་མི་ཞི་རྒོལ་བ་ཞིག་འཛིན་བཟུང་།
ཕྱི་ཟླ་༦ ནང་བོད་མདོ་སྨད་རྔ་པ་ཁུལ། དམར་ཐང་རྫོང་ནས་ཡིན་པའི་བོད་མི་ཞི་རྒོལ་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་གིས། རྡུང་རྡེག་ཤུགས་ཆེན་པོ་བཏང་སྟེ་ད་ལྟ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག
དེ་ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཟླ་འདིའི་ཚེས་༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ པའི་ཚེ་༡༡ དང་༡༢ ཉིན་དེ་གཉིས་གང་རུང་ཞིག་ཏུ། བོད་ནང་གི་ཆུ་ཚོད་༡༢ ཡས་མས་ཤིག་ཏུ་བོད་མདོ་སྨད་རྔ་པ་ཁུལ་དམར་ཐང་རྫོང་ནས་ཡིན་པ། རང་ལོ་༢༣ ཡིན་པའི་ཚེ་རིང་དོན་འགྲུབ་ཟེར་བ་ཞིག་གིས། དམར་ཐང་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ལག་ཏུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཁག་ཅིག་སྐུ་པར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཁོང་གི་ངོ་རྒོལ་གྱི་འབོད་ཚིག་ནང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི། བོད་མདོ་སྨད་རྔལ་པ་ཁུལ་གྱི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་དུས་ཡུན་སྐར་མ་༢༠ ཙམ་གྱི་རིང་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཁོང་དམར་ཐང་རྫོང་གི་ཉེ་འགྲམ་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་དང་། བཙོན་ཁང་དུ་ཁོང་ལ་ཉེས་རྡུང་ཚད་མེད་པ་བཏང་ཡོད་པས། ད་ལྟའི་ཆར་ཁོང་གི་གཟུགས་གཞི་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད་འདུག
ཚེ་རིང་དོན་འགྲུབ་ནི་བོད་མདོ་སྨད་རྔ་པ་ཁུལ་དམར་ཐང་རྫོང་ཨ་མོ་ཡུལ་ཚོ་ནས་ཡིན་པ་དང་། ཕ་མ་གཉིས་གྲོངས་ཟིན་ཡོད་འདུག །