༧གོང་ས་མཆོག་ལ་བསྟོད་པའི་རྐང་དྲུག་བུང་བའི་གཤོག་སྒྲ།
རྒྱལ་ཀུན་སྙིང་རྗེ་གཅིག་ཏུ་བསྡུས་པ་ཡི།། སྤྱན་རས་གཟིགས་ཞེས་ཀུན་ཏུ་གྲགས་པ་གང།། ངུར་སྨྲིག་གར་དུ་རོལ་བའི་རིན་པོ་ཆེ།། བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་གྱུར་ཅིག།
གང་ཁྱོད་ཐུགས་བསྐྱེད་སྨོན་ལམ་ནུས་མཐུས་ཡིས།། གངས་ཅན་བོད་ལྗོངས་འགྲོ་བ་མ་ལུས་པ།། འདྲེན་པའི་ཐབས་ལ་གཅིག་ཏུ་བརྩོན་མཛད་པ།། བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་གྱུར་ཅིག།།
ཐུགས་རྗེ་ཆེན་པོ་འོད་ཀྱི་གུར་ཁྱིམ་ནས།། བྱམས་དང་བརྩེ་བའི་འོད་ཐིགས་ལྷུང་བ་ན།། འཛམ་གླིང་མཁས་དགུས་བང་རྒྱུགས་འགྲན་པ་བཞིན།། ཁྱེད་རྗེས་སྙེག་པའི་ངང་ཚུལ་ཨེ་མ་མཚར།།
ས་ཆེན་འཛམ་གླིང་ཟླུམ་པོའི་དཀྱིལ་འཁོར་ན།། གཟེངས་རྟགས་འབུམ་གྱིས་ཁྱེད་ཉིད་བཏེགས་ན་ཡང་།། ཁེངས་པའི་མགོ་བོ་ནམ་ཡང་མི་སྒྲེང་བར།། རྟག་ཏུ་དམན་སར་འཛིན་མཁས་ཁྱེད་ལས་སུ།།
གངས་ཅན་བོད་ཀྱི་རང་དབང་གཙང་མའི་དཔལ།། བཞད་དང་མི་བཞད་གང་ལ་ལྟོས་པའི་ལྷ།། གངས་ཅན་མགོན་པོ་ཤཱཀྱའི་དགེ་སྦྱོང་གང།། སྐུ་ཚེ་ཡུན་ཏུ་བརྟན་པར་བྱིན་གྱིས་རློབས།།
འཇིགས་རུང་དར་ཆ་དམར་པོས་མནན་པ་ཡི།། རང་ཡུལ་ཁ་བ་ཆན་པའི་གདུང་ཞིང་ན།། ཉམ་ཐག་བོད་འབངས་མགོན་མེད་འགྲོ་བ་རྣམས།། ཉིད་ཀྱིས་མྱུར་དུ་སྐྱོབ་པར་མཛད་ཅིག་ཀྱེ།།
གུས་པས་ཡིད་ཀྱི་དང་བས་མཆོད་པ་དང་།། བསླུ་མེད་ལས་འབྲས་བདེན་པའི་ནུས་མཐུ་བཅས།། བསྟན་སྲུང་ཆོས་སྐྱོང་རྣམ་པའི་འཕྲིན་ལས་ཀྱིས།། སྐུ་ཚེ་ཡན་རིང་བརྟན་པའི་བཀྲ་ཤིས་ཤོག།ཕྱི་ལོ་༢༠༡༢་ཟླ་༦་ཚེས་༢༠་ཉིན་འབྲས་བློ་གླིང་སློབ་ཟུར་ཉག་རེ་ཡེ་ཤེས་ཆོས་འཕེལ་ནས་སྒོ་གསུམ་རབ་ཏུ་དང་བས་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོར་ཕུལ་བ་དགེའོ།།