སྐུའི་འཁྲུངས་སྐར་ལ་འཚམས་འདྲི།

བདག་ཅག་བོད་འབངས་ཡོངས་ཀྱི་འདྲེན་པ་བླ་ན་མེད་པ། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད།

འཕགས་མཆོག་འཇིག་རྟེན་དབང་ཕྱུག་བསམ་བཞིན་ཁ་པ་རི་པའི་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་བསམ་བཞིན་མི་ཡི་གར་དུ་རོལ་པ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མདོ་སྨད་སྐུ་འབུམ་གྱི་ཉེ་འགྲམ་ལྟག་མཚེར་དུ་སྐུའི་མཚན་དཔེ་བཞད་ནས་དགུང་གྲངས་ཧྲིལ་པོ་༧༧ ཕེབས་པའི་སྐུའི་འཁྲུངས་སྐར་ལ། མདོ་ཁམས་གཞིས་བྱེས་སེར་སྐྱ་མི་མང་ཡོངས་རྫོགས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།
ལྷག་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་མགོན་དང་དཔུང་གཉེན་དམ་པར་སྐུ་ཚེ་བསྐལ་པ་རྒྱ་མཚོར་འཚོ་གཞེས་བཞུགས་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་ཞུ་རྒྱུ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གསེར་གྱི་ཁྲི་འཕངས་མཐོན་པོར་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་འཁོད་ནས་གཞིས་བྱེས་མཉམ་འཛོམས་དགའ་སྟོན་གྱི་དཔལ་ལ་ལོངས་སྤྱོད་པའི་སྨོན་ལམ་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།