འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འཁྲུངས་སྐར་སྲུང་བརྩི།

birthday from gomang 2012  7  4 4ཟླ་འདིའི་ཚེས་༤ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་ཕྱི་ལུགས་དགུང་གྲངས་༧༧ དང་བོད་ལུགས་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྔོན་འདོན་གྱིས་སྲུང་བརྩིའི་མཛད་སྒོ་ཞིག་འབྲས་སྒོ་མང་འདུ་ཁང་གསར་བའི་ནང་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན། འབྲས་སྤུངས་ཁྲི་པ་བློ་བཟང་བརྟན་པ། སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས། ཀུན་བདེ་གླིང་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེ་བཅས་ཀྱིས་གཙོས་སྒོ་མང་གྲྭ་ཚང་གི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་མང་། དེ་བཞིན་གྲྭ་ཚང་གཞན་ཁག་གི་ཕྱག་མཛོད་རྣམ་པ་བཅས་ཆེད་ཕེབས་གནང་ཡོད་པ་དང་། ཐོག་མར་༧གོང་ས་སྐྱབས་མགོན་རིན་པོ་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་བཞུགས་ཁྲིར་གདན་ཞུས་ཀྱི་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ། སྣང་གསལ་མར་མེ་ཞལ་འབྱེད་བཅས་ཀྱི་ལས་རིམ་གྲུབ་རྗེས། བོད་བསྟན་སྲིད་ཆེད་རང་ལུས་མཆོད་མེར་ཕུལ་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་སོང་།

དེ་ནས་འབྲས་སྒོ་མང་ཁྲིམས་བདག་དགེ་སྐོས་དགེ་བཤེས་དགེ་འདུན་ཤཀྱ་མཆོག་ནས་མཛད་སྒོའི་ངོ་སྤྲོད་གནང་རྗེས། ཀུན་བདེ་གླིང་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་མཛད་རྣམ་མདོར་བསྡུས་ཤིག་གྲྭ་མང་ལ་ངོ་སྤྲོད་གནང་།

birthday from gomang 2012  7  4 1དེ་རྗེས་སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་ཀྱིས་༧གོང་ས་མཆོག་དགུང་ལོ་༡༦ ནས་ད་ལྟའི་བར་བོད་མི་ས་ཡ་དྲུག་བཀའ་དྲིན་གྱིས་ཇི་ལྟར་བསྐྱངས་ཚུལ་སྐོར་ལ་གསུང་བཤད་གནང་དོན། རྒྱ་ནག་དམར་གཞུང་གིས་གཡོ་ཐབས་ངན་པའི་སྲིད་བྱུས་འོག་བོད་བསྟན་སྲིད་ཆགས་འཇིགས་ཉམ་དམས་སུ་འགྲོ་བཞིན་པའི་སྐབས་སུ་༧གོང་ས་མཆོག་དགུང་ལོ་༡༦ ཡིན་པ་རེད། སྐབས་དེ་ནས་བཟུང་བོད་བསྟན་སྲིད་མི་རིགས་དང་བཅས་པ་བསྐྱབས་པའི་ཆེད་དུ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མི་བཞེས་ཐབས་མེད་དུ་གྱུར་ནས་དགོངས་པ་ཆེ་བཞེས་ཀྱི་ཐུགས་འགན་བཞེས་ནས་ཕྱག་ལས་གནང་བ་རེད། ཐ་མ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གི་དྲག་པོའི་དམག་གིས་བཙན་བཟུང་བྱས་ནས་བཙན་བྱོལ་དུ་མི་ཕེབས་ཁ་མེད་བྱུང་བ་རེད། སྐབས་དེར་ཡང་༧གོང་ས་མཆོག་གི་སྐུའི་རྗེས་སུ་ང་ཚོ་བོད་མི་གཅིག་འབུམ་མ་ཟིན་ཙམ་ཡོང་བ་རེད། འབྲུག་དང་རྒྱ་གར་གྱི་ས་མཚམས་ནས་སྐྱབས་བཅོར་བར་ངོས་ལེན་མེད་སྐོར་བཤད་ནས་བོད་མི་བཀག་འགོག་བྱེད་སྐབས་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མ་གཏོགས་སྐྱོབ་མཁན་ཞིག་སུ་གང་མི་འདུག དེ་ནས་བཙན་བྱོལ་བ་ཡོངས་ཀྱི་ལྟོ་གོ་ནས་བཟུང་ཡོད་ཚད་༧གོང་ས་མཆོག་ཉག་གཅིག་ལ་བརྟེན་ནས་ད་ལྟའི་བར་བསྡད་པ་རེད། དེ་ཙམ་དུ་མ་ཟད་ད་ལྟའི་དགོན་པ་གྲྭ་ཚང་དང་། གཞིས་ཆགས། སློབ་གྲྭ་སོགས་ཚང་མ་སྐྱབས་བཅོལ་གཞན་དང་མི་འདྲ་བ་ཞིག་ཡོད་པ་འདི་དག་ཐམས་ཅད་༧གོང་ས་མཆོག་གི་སྐུའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ང་ཚོ་ཚང་མའི་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་དང་། ཁོང་གིས་མུ་མཐུད་ནས་གསུང་དོན། མདོར་བསྡུས་ནས་བཤད་ན། བོད་བསྟན་སྲིད་རང་ས་དང་བཅས་པ་ཤོར་དོན་གཙོ་བོ་སྐབས་དེར་དེང་དུས་ཀྱི་ཤེས་ཡོན་མེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བོད་ཤོར་བ་རེད། དེ་འདྲ་ཡིན་པས། ད་ལྟའི་སྐབས་ང་རང་ཚོའི་དབུ་ཁྲིད་སྲིད་སྐྱོང་བ་བློ་བཟང་སེངྒེའི་མཚོན་པའི་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་མཁན་མང་དག་ཞིག་གསོ་སྐྱོང་གནང་ཡོད་པ་འདི་ཚོ་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་ཚང་མའི་ངོ་ཤེས་པ་དང་། བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མངོན་ལྐོག་རྒྱབ་མདུན་མེད་པར་ཅི་གསུང་བཀའ་བསྒྲིབ་བྱེད་དགོས་པ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་སུ་ས་གནས་འགོ་འཛིན་དང་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གཉིས་ནས་ཀྱང་རིམ་པའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

མོན་གྷོ་གསར་འགོད་པས།