ལྷོ་ཕྱོགས་ཀོ་ཅི་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།
ཟླ་འདིའི་ཚེས་༦ ཉིན་རྒྱ་གར་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཅིན་དུ་བོད་ཀྱི་བདེན་པའི་མེ་ལྕེའི་ལས་འགུལ་དེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་དེ། འགོ་འཛུགས་བྱས་པ་དང་། རྒྱ་གར་དབུས་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་ཞིག་གིས་ལས་འགུལ་སྒོ་འབྱེད་གནང་འདུག
དེ་ཡང་ས་གནས་ནས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་གྱིས་ལས་འགུལ་དེ་འགོ་འཛུགས་གནང་བའི་སྐོར་འགྲེལ་བརྗོད་གནང་དོན། ཟླ་འདིའི་ཚེས་༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ཝེ་ཨར་ཀིར་ཤི་ནཱ་ཨ་ཡར་གྱི་ (ཁོང་ནི་ཀེ་ར་ལ་མངའ་སྡེའི་བློན་ཆེན་ཟུར་པ། དེ་བཞིན་ཆེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་གཟེངས་རྟགས་ Padma Vibhushan བཞེས་མྱོང་མཁན་ཞིག་རེད།) གཟིམ་ཤག་ཏུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ངོ་བཅར་གྱིས་ཐོག་མར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཁྲིམས་དཔོན་ཟུར་པ་མཆོག་ལ་མཇལ་དར་འབུལ་ལམ་ཞུས་པ་དང་། དེ་རྗེས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས་ཁྲིམས་དཔོན་ཟུར་པ་མཆོག་གིས་ཕྱག་ནས་བདེན་པའི་མེ་ལྕེ་དེ་བཞིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ་གནང་སྟེ། རྒྱ་གར་ལྷོ་ཕྱོགས་ནས་དབུ་འཛུགས་ཞུ་རྒྱུའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་དངོས་སུ་དབུ་འབྱེད་གནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་འབུལ་རྒྱུའི་ས་རྟགས་བསྡུ་འགོད་ཀྱི་འགེངས་ཤོག་སྟེང་སྐུ་ཞབས་ ཝེ་ཨར་ཀིར་ཤི་ནཱ་ཨ་ཡར་གྱིས་མཚན་རྟགས་ཐོག་མ་དེ་བསྐྱོན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
ཁྲིམས་དཔོན་ཟུར་པ་སྐུ་ཞབས་ ཝེ་ཨར་ཀིར་ཤི་ནཱ་ཨ་ཡར་གྱིས་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས་གསུང་དོན། “སྟོན་པ་ཤཀྱཱ་ཐུབ་པ་ནི་དཀོན་མཆོག་ནས་འགྲོ་བ་མིར་བྱིན་རླབས་གོང་ན་མེད་པ་ཞིག་ཡིན་པ་དང་། བོད་དང་བོད་མིའི་རིག་གཞུང་གི་སྟོན་པ་ཤ་ཀྱཱ་ཐུབ་པ་མཚོན་གྱི་ཡོད། ༧གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་བྱམས་བརྩེ། འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་རིག་གནས་བཅས་ཀྱི་ཆེད་སྐུ་ལས་བསྐྱོན་གྱི་ཡོད་པ་རེད། ངས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་འདིའི་ནང་མཚན་སྙན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གང་ཟག་གཅིག་དང་། རྒྱལ་ཁབ་གཅིག་གི་དབུ་ཁྲིད་ལྟ་བུ་མིན། ཁོང་ནི་འཛམ་གླིང་སའི་གོ་ལ་འདིའི་རིག་གནས་ཆེད་སྐུ་ལས་བསྐྱོན་མཁན་སྤྱིའི་སྐྱེ་བུ་ཞིག་ཆགས་ཡོད། ད་སྐབས་བོད་ནང་བོད་མི་རྣམས་སྡུག་བསྔལ་གྱིས་མནར་ཏེ་འདས་གྲོངས་སུ་འགྲོ་དང་འགྲོ་མུས་ཡིན་པ་དང་། བོད་མི་རྣམས་ད་ལྟའི་དུས་ཚོད་འདིར་བྲན་གཡོག་ལྟ་བུའི་ངང་གནས་བཞིན་ཡོད། ང་ཚོས་དེ་ལྟར་འགྱུར་བཅུག་རྒྱུ་མེད། བོད་མི་ཚོར་རང་དབང་ཆ་ཚང་གི་བདག་དབང་ཡོད། ང་ཚོས་དེར་རྒྱབ་སྐྱོར་བྱེད་དགོས། བོད་མི་ཚོའི་རིག་གཞུང་སྲུང་སྐྱོབ་དང་རང་དབང་རང་བཙན་ལ་རྒྱབ་སྐྱོར་བྱེད་དགོས། ང་ཚོ་ཁོང་ཚོའི་རྒྱབ་ཏུ་ཡོད། དེ་རིང་གི་ཉིན་མོ་འདི་གོང་ནས་གོང་དུ་འཕེལ་བ་ཤོག་” ཅེས་གསུངས་ཡོད་པ་རེད།
དེ་རྗེས་དགུང་གྲངས་དགུ་བཅུ་གོ་ལྔ་ལ་ཕེབས་པའི་རྒྱ་གར་ཆེས་མཐོའི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ ཝེ་ཨར་ཀིར་ཤི་ནཱ་ཨ་ཡར་གྱིས་ལས་འགུལ་དངོས་སུ་དབུ་འབྱེད་གནང་བ་དང་འབྲེལ། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་དེ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཁོང་གི་གཟིམས་ཤག་ནས་འགོ་འཛུགས་ཞུས་ཏེ། གྲོང་ཁྱེར་དུ་མི་མང་འདུ་འཛོམས་སའི་མེས་པོ་དམ་པ་གྷན་རྡིའི་སྐུ་བརྙན་ཡོད་ས་བར་བོད་མི་དང་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོས་དབུས་རྒྱུན་ལས་དང་། ས་གནས་འགའ་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་བཅུ་ཕྲག་བརྒལ་བས་མཉམ་ཞུགས་འོག་གོམ་བགྲོད་ཀྱིས་སྐོར་བསྐྱོད་བྱས་པ་དང་། མེས་པོ་དམ་པ་གྷན་རྡིའི་སྐུ་བརྙན་ཡོད་སར་འབྱོར་སྐབས་ཐོག་མར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གྷན་རྡིའི་སྐུ་བརྙན་ལ་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་བདེན་ཚིགས་སྨོན་ལམ་དང་། ༧རྒྱལ་བའི་ཞབས་བརྟན་འུར་འདོན་དང་། མཐར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ། ལས་འགུལ་མཇུག་བསྒྲིལ་ཞུས་པ་དང་། སྐབས་དེར་ས་གནས་མི་མང་ཚོས་ཐུགས་སྣང་ཆེན་པོ་གནང་ཡོད་པས་མ་ཟད། བརྒྱུད་ལམ་འདྲ་མིན་གྱི་གསར་འགོད་པ་མང་པོས་ལྷན་ཞུགས་ཀྱང་གནང་ཡོད་པ་རེད།
ཁ་ས་ཕྱི་ཚེས་ ༥ ཉིན་ཀོ་ཅིར་རྟེན་གཞི་བྱས་པའི་ཨར་ན་ཀུ་ལམ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་། དང་ཐོག་འདི་གའི་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་སྐུ་ཞབས་ ཝེ་རྗེ་ཇོ་སེ་ཡིས་ཡུལ་སྐད་ཐོག་ངོ་སྤྲོད་འབུད་ཙམ་གནང་རྗེས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་དབྱིན་སྐད་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་རྒྱབ་ལྗོངས་དང་། ད་ལྟའི་བོད་ནང་གི་གནས་སྟངས། ལས་འགུལ་གྱི་ལས་རིམ། ལས་འགུལ་དམིགས་ཡུལ། ལས་འགུལ་གྱི་དགོས་འདུན་བཅས་འགྲེལ་བཤད་གནང་གྲུབ་མཚམས། བདེན་པའི་མེ་ལྕེ་དངོས་སུ་གསར་འགོད་པར་མིག་སྟོན་དང་འབྲེལ། གསར་འགོད་པའི་དྲི་བར་ལན་ལན་འདེབས་ཀྱང་གནང་ཡོད་པ་རེད།
ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདིའི་ཐོག་གསར་ཤོག་དང་། དྲ་རྒྱ། གཟུགས་མཐོང་བརྙན་འཕྲིན་བཅས་གསར་འགྱུར་བརྒྱུད་ལམ་འདྲ་མིན་ནས་གསར་འགོད་པ་མི་གྲངས་ ༢༠ ལྷག་ནས་མཉམ་ཞུགས་གནང་ཡོད་པས་མ་ཟད། ཁུལ་འདིའི་བརྒྱུད་ལམ་ཕལ་ཆེ་བའི་ནང་གནས་ཚུལ་ཡང་རྒྱ་ཆེ་ཐོན་ཐུབ་པ་བྱུང་ཡོད།
ཀོ་ཅི་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གྲུབ་མཚམས་མེ་ལྕེ་དེ་བཞིན་ ཏཱ་མེལ་ནཱ་དྷུ་མངའ་སྡེའི་གྲོང་ཁྱེར་ ཀཱོ་ཡམ་བྷ་དོར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་ཞུ་རྒྱུ་དང་། གྲོང་ཁྱེར་ནང་སྐོར་བསྐྱོད་ཞུ་རྒྱུ་མ་ཟད། དེ་རྗེས་སླར་ཡང་བདེན་པའི་མེ་ལྕེ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་འདྲ་མིན་ནང་རིམ་བཞིན་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད།།