བཙན་བྱོལ་སྤྱི་ཚོགས་སྟོང་སང་ངེ་འཇོག་རྒྱུ་རེད་འདུག
སེར་སྨད་བློ་དགའ།
བོད་པ་ཚོས་ངེས་པར་དུ་ཤེས་དགོས་པའི་གུང་ཁྲན་གྱི་ཇུས་ངན་གསུམ།
བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་སོ་སོ་རང་ཉིད་ལ་འཁྲི་བའི་མི་རིགས་ཀྱི་གནད་དོན་ཐོག་རང་ལུས་ཚུན་ཆད་མེར་བསྲེགས་ནས་སྐུ་ལས་བསྐྱོན་བཞིན་པ་ལྟར།
རང་དབང་ལུང་པར་སྡོད་མཁན་ཚོས་ཀྱང་ཁོང་ཚོ་དང་འགན་མཉམ་ཁྱེར་གྱིས་དཔུང་པ་མཉམ་གཤིབ་བྱེད་དགོས་པ་དེ། མི་རིགས་ཤིག་གི་ཡ་རབས་དང་རྒྱུ་དག་ལས་བྱུང་བའི་འགན་འཁུར་གྱི་ཉིང་ཁུ་མཚོན་གྱི་ཡོད་པ་རེད། གུས་པས་ཞིབ་འཇུག་བརྒྱུད་བཙན་བྱོལ་སྒྲིག་འཛུགས་རྩ་གཏོར་གཏོང་བའི་རྒྱ་ནག་གུང་ཁྲན་གྱི་ཇུས་ངན་གསུམ་ངོ་སྤྲོད་ཞུ་ཡི་ཡོད།
གཅིག་ནི། བཙན་བྱོལ་ནང་གི་ལས་མེད་ལ་ལས་སྣེ་གོ་སྒྲིག་དང་ལས་ཡོད་ལ་གླ་ཕོགས་ལྡབ་འགྱུར་སྤྲད་དེ་ཁ་བསྒྱུར་ཐབས་ཀྱིས་རྒྱ་གར་དང་བལ་ཡུལ་སོགས་སུ་ཚོང་ལས་ཀྱིས་མཚོན་པའི་ལས་རིགས་ཀྱི་དགོས་མཁོ་སྒྲུབ་རྒྱུ། གཉིས་ནི། བོད་ནས་གཞོན་སྐྱེས་རྣམས་བཙན་བྱོལ་དུ་མི་གཏོང་ཞིང་བཙན་བྱོལ་ནང་གི་རྒྱལ་ཞེན་ཆུང་བ་དང་། ཉེན་ཁ་དེ་ཙམ་མ་མཐོང་བའི་རིགས་ལ་སོ་སོའི་འདོད་པ་ལྟར་ཕྱིར་བོད་ནང་དུ་ལོག་ཆོག་པའི་ཆོག་མཆན་སྤྲད་དེ་སླར་བཙན་བྱོལ་དུ་མི་གཏོང་བའམ་མི་འགྲོ་བའི་དམ་བཅའ་ལེན་རྒྱུ། གསུམ་པ། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཡུ་རོབ་དང་ཨ་རི་སོགས་ཕྱིར་གཏོང་བྱེད་མཁན་ལ་ལག་པ་སྒྲིལ་ཅི་ཐུབ་དང་། ཕྱིར་གཏོང་ལས་གཉེར་བའི་རྒྱ་མི་ཆེད་གཏོང་ཐོག་གཡོ་ཐབས་དང་དངུལ་དངོས་སོགས་ཀྱིས་ནུས་པ་སྤྱད་དེ་ཡུ་རོབ་སོགས་སུ་བོད་མི་ཁ་འཐོར་གཏོང་ཐབས་བྱ་རྒྱུ། བཅས་གཙོ་བོ་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སྒྲིག་འཛུགས་ཁག་སྲ་ཚུགས་མེད་པར་གཏོང་བའི་སྲིད་ཇུས་འདི་གསུམ་རྩོམ་བཞིན་ཡོད་པ་རེད། སྟབས་བདེ་པོའི་ངང་ལས་དོན་དེ་རྣམས་ལེགས་གྲུབ་ཡོང་རྒྱུར་ཚོད་བགམ་བྱས་ཏེ། ལས་གཞི་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྟོང་སང་ངེར་བཟོ་ཐུབ་པ་དང་དེ་ནི་ཏཱ་ལའི་རུ་ཚོགས་ཕམ་ཉེས་གཏོང་བའི་ཐབས་ཇུས་ཡག་ཤོས་ཤིག་ཡིན་ཞིང། དེ་བརྒྱུད་དེ་བོད་ཀྱི་གནད་དོན་དེ་འཛམ་གླིང་ཐོག་གོ་མེད་ཚོར་མེད་བྱ་ཐུབ་པར་སྔོན་དཔག་བྱེད་བཞིན་ཡོད།
ཐབས་ཇུས་དེ་གསུམ་གྱི་གཞི་རྩའི་རྒྱབ་ལྗོངས་ལ་སྡེ་ཚན་ཁག་གསུམ་དུ་མཇུག་བསྡོམས་བརྒྱབ་སྟེ། བཙན་བྱོལ་སྤྱི་ཚོགས་སུ་གནས་པའི་བོད་ཀྱི་གཞུང་དང་བོད་ཀྱི་དབུ་ཁྲིད་ལ་སྡང་སེམས་ཅན་དང་གཅིག ཕྱི་རྒྱལ་ལ་འགྲོ་རྔམ་དང་དཔལ་འབྱོར་གྱི་འདོད་རྔམ་ཁོ་ནའི་དབང་དུ་སོང་བ་དང་གཉིས། བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཆུང་ཞིང་རང་དང་རང་གི་སྡེ་གཏོགས་ཆུང་ཁག་གི་ཁེ་འདོད་འབའ་ཞིག་འཚོལ་བ་བཅས། གནས་བབ་དེ་གསུམ་ནི་སྲིད་ཇུས་དེ་གསུམ་གྱི་རྒྱབ་ལྗོངས་ཡིན་པ་རེད། རྒྱབ་ལྗོངས་དེ་དག་ལ་རྒྱ་མི་ཞིབ་འཇུག་པས་དུས་ཡུན་རིང་པོར་དཔྱད་ཞིབ་དང་རྒྱུས་ལོན་འདོད་པ་ཁེངས་པ་ཞིག་བྱས་ཡོད་ལ། གནད་དོན་ཐ་མ་དེར་ཡང་བཙན་བྱོལ་ནང་གི་སྒེར་འཁོན་རིང་ལུགས་པ་དང་འཐེན་འཁྱེར་རིང་ལུགས་པའི་བསམ་བློ་དང་བྱ་སྤྱོད་སོགས་ཚུད་ཡོད་ཅིང་། ནང་ཁུལ་གྱི་འགལ་ཟླ་ནི་རྒྱ་ནག་གིས་བོད་རྩ་མེད་གཏོང་བའི་སྔ་ཕྱི་བར་གསུམ་གྱི་སྲིད་ཇུས་ནང་བེད་སྤྱོད་བྱས་ཡོད་ལ་མུ་མཐུད་དེ་ལག་ཆ་ཡག་ཤོས་ཤིག་ཏུ་མང་མོས་བྱ་ངེས་ཡིན། ད་དུང་བོད་སྤྱི་དོན་ལ་སེམས་ཁུར་མི་བྱེད་པ་དང་སེམས་ཁུར་མི་ཤེས་པ། ཟུར་འདུག་པ་དང་ཆོག་ཤེས་འཆོལ་སྤྱོད་པ་ཚང་མ་གྲལ་རིམ་གཅིག་ཏུ་གཏོགས་པ་བྱས་ཡོད།
གནས་ཚུལ་དེ་བས་ཚབས་ཆེ་བ་ཞིག་ལ། བཙན་བྱོལ་ཁྲོད་ཀྱི་མཐོ་རིམ་མི་སྣ་དང་གསར་འགོད་པའི་ནང་དུའང་གནས་ཚུལ་ཕྱིར་སྐྱེལ་བ་དང་། འུད་སྒྲོག་བྱས་ཏེ་གཞུང་དང་མི་མང་གི་ལྷིང་འཇགས་དཀྲོགས་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེའི་ཐད་སྨྱུག་ཁ་གཞན་ཞིག་གིས་བསྒྱུར་སྲིད་དམ། ཞེས་པའི་མིང་བྱང་འོག གང་ལྟར་རྒྱ་དམར་དྲག་གཞུང་གི་དཔལ་འབྱོར་ཤུགས་རྐྱེན་ལ་བརྟེན་ནས་གསར་འགོད་པ་རྣམས་ཀྱི་སྨྱུག་ཁ་བསྒྱུར་སོང་བ་མིན་པའི་རེ་བ་ཡོད་ལ། བཙན་བྱོལ་བའི་གནད་ཡོད་མི་སྣ་རེ་ཟུང་གནད་དོན་འདི་རིགས་དང་ས་འོག་དར་ཐག་གི་འབྲེལ་བ་མེད་པའི་རེ་བ་དེ་བས་ཀྱང་ཆེན་པོ་ཡོད། ཅེས་རྒྱབ་མདུན་ངོ་ལྐོག་མེད་པའི་བཀའ་མོལ་དེ་རྩོམ་པ་པོ་ཚུལ་སྦོ་ཡིས་ཡིག་ཐོག་ཏུ་བཀོད་འདུག
བོད་མི་ཕྱིར་གཏོང་གི་ཉེན་ཁའི་བརྒྱུད་རིམ་ནང་བོད་ཀྱི་ཤེས་ཡོན་པའི་ཚོགས་སྡེ་གསོ་སྐྱོང་གི་རྩ་བ་བཀོག་པ་དང་གསོ་སྐྱོང་བྱས་ཟིན་པའི་ཆེད་ལས་པ་དང་། དགེ་རྒན་རྣམས་ཕྱི་རྒྱལ་དུ་ཕྱིན་དེ་རང་ཉིད་ཀྱིས་སློབ་སྦྱོང་ལ་མ་འཚམས་པའི་ལས་ཀ་བྱེད་ཀྱི་ཡོད། ལས་ཀར་འོས་འཚམས་མེད་པའི་མི་སྣས་ལས་གཞི་དེ་ནས་སྤྱི་ཚོགས་ཀྱི་སྣེ་ཁྲིད་མི་ཐུབ་པ་ནི་ས་རིས་ཐང་གསལ་ཡིན། དེས་དབང་གིས་བོད་ཀྱི་ཤེས་ཡོན་པ་མི་ཉུང་བ་ཞིག་བེད་མེད་རུལ་སུངས་སུ་འགྱུར་བཞིན་པ་འདི་གནད་དོན་གཅིག་ཡིན། དཔལ་འབྱོར་ཁོ་ནར་རྗེས་དེད་བྱས་པའི་བཙན་བྱོལ་བོད་མི་ཕྱི་སྡོད་པ་མི་ཉུང་བ་ཞིག་གིས་ནི། རང་ཉིད་ཀྱི་ནོར་འཁྲུལ་ཅན་གྱི་ལམ་སྣེ་དེར་ནང་མི་དང་འབྲེལ་ཡོད་རྣམས་རང་ཉིད་ཀྱི་ཉམས་མྱོང་སློབ་གསོ་འབའ་ཞིག་གིས། ལམ་ཁ་དེར་བཙན་བྱོལ་བའི་སློབ་མ་དང་གཞོན་སྐྱེས་ཤེས་ཡོན་ནུས་ལྡན་ཡིན་མིན་ཞིབ་རྟོགས་རྩ་བ་ནས་མི་བྱེད་པར་འཇུག་ཅི་ཐུབ་བྱེད་ཀྱི་འདུག་ཟེར། རྒྱ་གར་སོགས་སུ་ལྷག་པའི་བོད་པ་རྣམས་ཀྱིས་ཨ་རི་དང་ཡུ་རོབ་པར་ལྷ་རུ་བལྟ་བ་དང་ཁོར་ཡུག་དེ་དག་ལྷ་ཡུལ་དུ་བལྟ་ཞིང་། རང་ཚུགས་ཤོར་བའི་བོད་པ་རྣམས་ནི་ཁོང་ཚོས་རྗེས་སུ་མིག་བཙུམ་ནས་རྒྱུགས་ཀྱི་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། གཞན་སྐད་དུ་མ་ཇུ་ཀཱ་ཏྲི་ལ་དང་། བོད་སྐད་དུ་མ་བྱུང་སྟུ་ལགས་ཟེར་ལ། གྲོང་པའི་རྫབ་དོང་དེའི་ཡུལ་གྱར་བའི་གྲོག་ཚང་ཆུང་དུ་ཕྱིན་དེས་ཕལ་ཆེར་འགྲོ་རྔམ་འདུག་ཤོག་བ་རྣམས་རྒྱ་ནག་གུང་ཁྲན་གྱི་ཐབས་བྱུས་ལྟར་ཕྱིར་བསྡུ་ཟིན་པའི་དངོས་ཡོད་གནས་ཚུལ་རོབ་ཙམ་བསྟན་ཡོད་པ་རེད། འགྲོ་རྔམ་ཆེ་གྲགས་པའི་རྐྱེན་གྱིས་འདུག་ཆུས་ཤོར་སོང་བའི་གནས་ཚུལ་ནི་རྡ་རམ་ས་ལར་ཡང་གསལ་པོ་མཐོང་རྒྱུ་འདུག ངོ་སྤྲོད་འདི་དག་ནི་བཙན་བྱོལ་གནས་སྟངས་ལ་བལྟས་ནས་འགྲེལ་བཤད་རྒྱབ་པ་ཙམ་མིན་པར་གུང་ཁྲན་གྱི་སྲིད་ཇུས་ངོ་གདོང་ལ་བལྟས་ནས་བཙན་བྱོལ་བའི་གནས་བབ་མཚོན་པར་བྱས་པ་ཞིག་ཡིན།
འདི་འབྲེལ་གྱི་(ཨ་ཞང་དང་ཅོ་ཅོའི་མིང་བྱང་འོག་གི་ཕམ་ཚོང་) ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཟིན་ལ། དེའི་ནང་སློབ་ཕྲུག་རང་ཉིད་དང་རང་ཉིད་ཀྱི་ཕ་མ། སློབ་གྲྭ་དང་སྦྱིན་བདག་བཅས་ཀྱི་དམིགས་ཡུལ་ནི་སློབ་ཕྲུག་དེའི་སློབ་སྦྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། མ་འོངས་པའི་མི་རབས་ཀྱི་སྣེ་འཁྲིད་ཐུབ་པ་དང་སློབ་ཕྲུག་རང་གི་མི་ཚེའི་འཚོ་བ་དེ་སློབ་སྦྱོང་དེའི་གྲུབ་འབྲས་ཁོ་ནའི་ལམ་ནས་ལེགས་པོ་ཞིག་ཡོངས་རྒྱུར་དམིགས་ཡོད་པ་རེད་མོད། དེང་སང་བོད་མི་ཀླད་མེད་ཤུགས་ཆུང་རེ་གཉིས་ཀྱིས་སློབ་ཕྲུག་ཚོའི་ཨ་ཞང་དང་ཅོ་ཅོའི་མིང་བྱང་འོག་ནས་ཕམ་ཚོང་བརྒྱབ་སྟེ། ཨ་སྒོར་ཉུང་ཤས་ཤིག་གི་དོན་དུ་དམིགས་ཡུལ་བཟང་པོ་དེ་དག་གློ་བུར་དུ་ཁ་ལོ་བསྒྱུར་ནས། གྲོགས་ངན་ཁྱི་སྤྱང་ཁ་མཐུན་གྱིས་སློབ་ཕྲུག་ཚོ་རྔན་པའི་ཚུལ་དུ་སྤྲོད་ལེན་བྱེད་པ་དང་། སོ་སོའི་དངུལ་ཁུག་སྐྱེད་ཐབས་སོགས་དམིགས་ཡུལ་ངན་བཅངས་ཀྱིས། ཕྱི་རྒྱལ་གྱི་ཡུལ་ལུང་ག་གེ་མོར་སྐྱེལ་ཅི་ཐུབ་བྱེད་ཀྱི་ཡོད་པ་རེེད། དེ་ནི་སློབ་ཕྲུག་གི་བསམ་བློ་དང་མི་འཚམས་ལ་ཐོག་མའི་དམིགས་ཡུལ་དང་ཡོངས་སུ་རྒྱབ་འགལ་དང་ལག་ལེན་འཆོལ་སྤྱོད་ལྟ་བུར་གྱུར་ཡོད་པས། བོད་མི་རིགས་ལ་ལར་ཞེན་དང་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་འབྱར་ཡོད་མཁན་ཞིག་ཡིན་ཚེ། དེ་རིགས་ལ་ཤ་ཚ་དང་ལམ་སྟོན་དགོས་པ་ལས། གོ་མེད་ཚོར་མེད་ཀྱིས་སྣང་ཆུང་དང་ཟུར་འཇོག་ལྟ་བུ་གཏན་ནས་བྱེད་མི་རུང་། ཞེས་བྲིས་པ་ཡིན། །