རྒྱ་ནག་གི་མི་༡༦༠༠༠༠ ལྷག་ལ་འབྲེལ་བ་བྱས་ཡོད།
འབྲེལ་བ་ལས་ཁུངས་ཀྱི་ཡིག་བསྒྱུར་བ་ཚེ་རིང་བསོད་ནམས་ལགས་སུ་འབྲེལ་བ་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི།
དྲི་བ། ཐོག་མར་ཁྱེད་རང་ཚོའི་ལས་ཁུངས་དེ་ངོ་སྤྲོད་ཅིག་གནང་རོགས།
ལན། ང་ཚོའི་ལས་ཁུངས་འདིའི་མིང་ལ་འབྲེལ་བ་ལས་ཁུངས་ཟེར་གྱི་ཡོད། ཕྱི་ལོ་༢༠༠༦ ལོར་བྱང་ཨ་རིའི་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་གསར་དུ་བཙུགས་པ་རེད། དེ་ཡང་ཚོགས་པ་འདི་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ༧གོང་ས་མཆོག་གིས་དུས་རྒྱུན་བཀའ་གནང་གི་ཡོད་པ་ལྟར། རྒྱ་ནག་མི་མང་དང་མཉམ་དུ་ང་ཚོས་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་ངོས་ནས་རྒྱ་གཞུང་ལ་རེ་བ་དང་ཡིད་ཆེས་ཉི་མ་ནས་ཉི་མར་ཆུང་དུ་འགྲོ་ཡི་ཡོད་པའི་སྐབས་དེར། འབྲེལ་བ་ཚོགས་པ་འདི་འདྲ་ཞིག་བཙུགས་ཐུབ་པ་དེ་གསར་བཏོད་ཀྱི་རྣམ་པ་ཞིག་རེད་བསམ་གྱི་ཡོད།
ཚོགས་པ་འདིས་ལས་ཀ་བྱེད་སྟངས་ཡིན་ན། ངོ་དེབ་དང་QQ བརྒྱུད་ནས་རྒྱ་ནག་གི་ཞིང་ཆེན་མང་ཆེ་བར་འབྲེལ་བ་བྱེད་ཀྱི་ཡོད་རེད། འབྲེལ་བ་བྱེད་སྐབས་སྐད་ཡིག་གཙོ་བོ་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་གཏོང་གི་ཡོད་རེད། བརྗོད་གཞི་ལ་ཡང་རིགས་མང་པོ་ཡོད་རེད། དཔེར་ན། བོད་དོན་དང་། འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་གི་མང་གཙོ། རྒྱལ་སྤྱིའི་ཁོར་ཡུག རྒྱ་ནག་གི་ལྐོག་ཟ་རུལ་སུངས། ཡང་ན་མི་སྒེར་སོ་སོའི་དཀའ་ངལ་སོགས་ཀྱི་ཐོག་ལ་གླེང་སློང་བྱས་ཏེ་རྒྱ་ནག་ནང་ལ་མང་གཙོ་སྤེལ་ཐབས་དང་བོད་དོན་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ལ། འབྲེལ་བ་བྱེད་སྐབས་ཀྱི་སྐད་ཆ་ཚང་མ་ཉིན་རེ་བཞིན་དུ་ཟིན་བྲིས་སུ་ཕབ་ཀྱི་ཡོད་རེད།
ད་ལྟའི་ཆར་ང་ཚོ་ལ་ལས་བྱེད་མི་༡༠ ཡོད་ལ། ཁོང་ཚོས་འདས་པའི་ལོ་༦ གི་རིང་རྒྱ་ནག་གི་མི་འབུམ་ཅིག་དང་ཁྲི་དྲུག་ལྷག་ལ་འབྲེལ་བ་བྱས་ཏེ། གོང་གི་བརྗོད་གཞི་དེ་དག་གི་ཐོག་ལ་བགྲོ་གླེང་བྱས་ཡོད་པ་རེད། གྲངས་ཀ་དེ་ཡང་ང་རང་ཚོས་འདི་ནས་ཐད་ཀར་འབྲེལ་བ་བྱ་ཡུལ་གྱི་མི་སྣའི་ཁ་གྲངས་ཤིག་རེད་མ་གཏོགས། ཁོང་ཚོའི་བརྒྱུད་ནས་གནད་དོན་དེ་དག་གི་ཐོག་ལ་གླེང་སློང་དང་འབྲེལ་བ་བྱུང་ཡོད་པའི་མིའི་ཁ་གྲངས་དེ་ལས་ལྡབ་འགྱུར་གྱི་མང་བའི་རེ་བ་དང་ཡིད་ཆེས་ཡོད། རྩ་བས་ང་ཚོས་བདུན་ཕྲག་རེར་ཉུང་མཐའ་ལ་མི་༢༠༠༠ མཉམ་དུ་འབྲེལ་བ་བྱེད་ཀྱི་ཡོད།
དྲི་བ། ཁྱེད་རང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་ལ་སྐད་ཆ་བཤད་ཞོར་དུ་བོད་རང་བཙན་གྱི་ཐོག་ལ་སྐད་ཆ་བཤད་ཀྱི་ཡོད་དམ།
ལན། ང་ཚོ་དབུ་མའི་ལམ་གྱི་སྒང་ལ་འགྲོ་ཡི་ཡོད་པ་རེད། དེར་བརྟེན། ང་ཚོས་བྱ་མི་དཀྲོག་པར་སྒོ་ང་ལེན་ཐབས་ཞེས་པའི་དཔེ་ལྟར། དང་པོ་ནས་བོད་རང་བཙན་དང་དེ་འདྲའི་ཐོག་ལ་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད་ཀྱང། ཡང་བོད་དོན་རྒྱབ་སྐྱོར་བའམ་གལ་ཏེ་བོད་རང་བཙན་གྱི་སྐོར་གྱི་སྐད་ཆ་བཤད་པ་ཡིན་ན་ངོས་ལེན་བྱེད་ས་རེད་བསམ་པ་དེ་ཚོའི་མཉམ་དུ་གང་ཐུབ་ཀྱིས་གླེང་སློང་བྱེད་ཀྱི་ཡོད་རེད། ཐབས་ལམ་དེ་འདྲ་བེད་སྤྱོད་གཏོང་ན་མ་གཏོགས་རྒྱ་གཞུང་གིས་མི་མང་ལ་འཁྱོག་བཤད་རྐྱང་རྐྱང་བྱེད་ཀྱི་ཡོད་དུས། མི་མང་གི་སེམས་ལ་ཡང་དེའི་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་པ་རེད། དེར་བརྟེན། རྩ་བས་ང་ཚོས་གོང་གི་བརྗོད་གཞི་དེ་དག་དང་འབྲེལ་རྒྱ་ནག་ནང་ལ་བོད་དོན་གླེང་སློང་བྱས་ཏེ། རྒྱ་གཞུང་གིས་འཁྱོག་བཤད་བྱས་པ་ལྟར། བོད་དེ་རྒྱ་ནག་དང་ཁ་བྲལ་བ་ཞིག་མིན་སྐོར་སོགས་ཀྱི་ཐད་ནས་བཤད་ཀྱི་ཡོད།
དྲི་བ། ང་ཚོས་བོད་དེ་རྒྱ་ནག་དང་ཁ་བྲལ་རིང་ལུགས་མིན་སྐོར་བཤད་དུས། ཁོང་ཚོའི་ངོས་ནས་དང་ལེན་བྱེད་ཀྱི་འདུག་གམ།
ལན། མང་པོ་ཞིག་ཧང་སང་གི་འདུག གང་ཡིན་ཟེར་ན་ཁོང་ཚོས་རྒྱ་གཞུང་གིས་བོད་དེ་རྒྱ་ནག་དང་ཁ་བྲལ་རྩོད་མཁན་ཡིན་སྐོར་གྱི་སྐད་ཆ་དེ་མང་པོ་གོ་ཡོད་པ་རེད། ཡིན་ན་ཡང་ཁོ་རང་ཚོ་ལ་ཡང་མང་གཙོ་དང་རང་དབང་མེད་པ་བོད་པ་དང་གཅིག་མཚུངས་ཡིན་དུས། གནད་དོན་དེ་དག་དང་མཉམ་དུ་སྐད་ཆ་བཤད་པ་ཡིན་ན། ཁོ་རང་ཚོ་ལ་ཡང་དཀའ་ངལ་ཡོད་དུས་གང་འཚམ་ཞིག་ངོས་ལེན་བྱེད་ཀྱི་འདུག འོན་ཀྱང་དང་པོ་ནས་ང་ཚོ་བོད་པ་ཡིན་སྐོར་དང་བོད་དེ་རང་བཙན་ཡིན་སྐོར་རྐྱང་པ་བཤད་ན་ཁག་པོ་རེད་འདུག དེར་བརྟེན། ང་ཚོས་ཐོག་མར་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མི་སྒེར་སོགས་ཀྱི་གནད་དོན་གླེང་སློང་བྱས་ཏེ། གོ་རིམ་མང་པོ་ཞིག་གི་ལམ་ནས་ཁོང་ཚོས་དངོས་ཡོད་གནས་ཚུལ་དེ་རྟོགས་ཐབས་བྱེད་ཀྱི་ཡོད།
དྲི་བ། ཁྱེད་རང་ཚོས་འདི་ནས་རྒྱ་ནག་གི་ཞིང་ཆེན་མང་པོ་ཞིག་ལ་འབྲེལ་བ་བྱེད་ཀྱི་ཡོད་དུས། ཞིང་ཆེན་དེ་ཚོའི་བར་ལ་འགྲོ་བ་མིའི་ཐོབ་དང་རང་དབང་དེ་ཚོའི་ཐོག་ལ་དོ་སྣང་ཡོད་མེད་དང་། གོ་རྟོགས་ཡོད་མེད་ཀྱི་ཁྱད་པར་འདུག་གམ།
ལན། དེང་སང་ཆ་བཞག་ན་གནད་དོན་དེ་ཚོའི་ཐོག་ལ་གླེང་སློང་བྱེད་ས་ཡག་ཤོས་དེ་ཧོང་ཀོང་རེད་འདུག དེ་བཞིན་ཧོང་ཀོང་དང་ས་འབྲེལ་ཡིན་པའི་ཧྥུ་ཅིན་དང་། བཀང་ཏུང་ཞིང་ཆེན་དེ་ཚོར་སྤྱིར་མང་གཙོ་དང་རང་དབང་གི་གོ་རྟོགས་ཡག་པོ་འདུག རྩ་བས་ས་ཆ་ལ་ཡང་ཁྱད་པར་འགྲོ་ཡི་འདུག་ལ། མིའི་ཤེས་ཚད་ལ་ཡང་ཁྱད་པར་ཆེན་པོ་འགྲོ་ཡི་འདུག ས་ཆ་དེ་དག་གི་མི་དེ་ཚོས་ང་ཚོ་རྒྱ་མི་ཡིན་བསམ་པའི་རྒྱལ་ཞེན་མེད་པར། འཛམ་གླིང་གི་མི་རིགས་སྤྱིའི་རང་དབང་དང་མང་གཙོ་སོགས་ཀྱི་ཐད་ནས་འགན་ཁུར་གྱིས། བདེན་པར་གཞི་བཅོལ་ཏེ་མང་གཙོ་དང་རང་དབང་གི་ཐོག་ལ་སྐད་ཆ་ཚད་མཐོན་པོ་བཤད་ཀྱི་འདུག
དྲི་བ། ཁྱེད་རང་ཚོས་ལོ་མང་པོར་རྒྱ་ནག་གི་ཞིང་ཆེན་མང་པོ་ཞིག་གི་ཡུལ་མི་དང་མཉམ་དུ། འབྲེལ་བ་བྱས་སྐབས་དཀའ་ངལ་གཙོ་བོ་གང་གི་ཐད་ནས་འཕྲད་སོང་ངམ།
ལན། དྲ་རྒྱ་དེ་ཚོའི་ཐོག་ལ་དམིགས་བསལ་གྱི་དཀའ་ངལ་ཡོད་མ་རེད། ཡིན་ན་ཡང་དཀའ་ངལ་གཙོ་བོ་དེ་ང་ཚོས་དོ་སྣང་ཆེན་པོས་བོད་དོན་དང་། འགྲོ་བ་མིའི་ཐོབ་ཐང་བཅས་གླེང་སློང་བྱེད་སྐབས། ཁོང་ཚོས་ཉན་རོགས་མི་བྱེད་པ་དེ་རེད། རྒྱ་ནག་ནང་གི་དྲ་རྒྱ་གློག་མཁན་ཚོར་མཚོན་ན། ཆབ་སྲིད་ཀྱི་སྒང་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད་འདུག དེ་བས་ཀྱང་བོད་དོན་ཐོག་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད། དེར་བརྟེན། དཀའ་ངལ་ཆེ་ཤོས་དེ་ཕར་ཕྱོགས་ནས་ཡ་ལན་མ་བྱས་པ་དེ་རེད། ཕྱོགས་གཅིག་ནས་ཁོང་ཚོ་ལ་ཡང་ཁག་ཡོད་མ་རེད། QQ ལྟ་བུ་ཡིན་ན་གཞུང་གི་དྲ་རྒྱ་རེད། དྲ་ལམ་དེར་སྐད་ཆ་ག་རེ་བཤད་ཡོད་པ་ཚང་མ་གཞུང་གིས་ཤེས་ཀྱི་ཡོད་རེད། དེར་བརྟེན། ཁོ་རང་ཚོའི་བདེ་འཇགས་ལ་གནོད་ཀྱི་ཡོད་རེད།
དྲི་བ། དེང་སང་འཛམ་གླིང་ནང་༧གོང་ས་མཆོག་དང་ཁོང་གི་མཛད་འཕྲིན་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་དུས། ཁྱེད་རང་ཚོར་འབྲེལ་བ་ཡོད་མཁན་གྱི་རྒྱ་རིགས་ཚོའི་ནང་ལ་དམིགས་བསལ་གྱིས་༧གོང་ས་མཆོག་གི་སྐོར་ལ་དོ་སྣང་བྱེད་མཁན་འདུག་གམ།
ལན། རྩ་བས་དེའི་རིགས་མང་པོ་འདུག ཡིན་ན་ཡང་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་༧གོང་ས་མཆོག་གི་སྐོར་ཤེས་རྟོགས་ཡོད་པ་བཞིན། རྒྱ་ནག་མི་མང་ལ་དེ་ཙམ་གྱིས་ཤེས་རྟོགས་མི་འདུག་བསམ་གྱི་ཡོད། གང་ཡིན་ཟེར་ན་དྲ་རྒྱ་གཙོས་པའི་གནས་ཚུལ་ཡོང་ཁོངས་ཁག་མང་པོ་ཞིག་རྒྱ་གཞུང་གིས་བཀག་གི་ཡོད་པ་རེད། དེར་བརྟེན། གནས་ཚུལ་ཁག་ཅིག་རྒྱལ་ཁབ་གཞན་ལ་ག་ཚོད་ཀྱིས་ཡོངས་གྲགས་ཡིན་ན་ཡང་རྒྱ་ནག་མི་མང་གིས་ཤེས་ཐུབ་ཀྱི་ཡོད་མ་རེད། ཡིན་ན་ཡང་དེང་སང་རྒྱ་ནག་གི་གཞོན་སྐྱེས་མང་པོ་ཞིག་རྒྱལ་ཁབ་གཞན་ལ་སློབ་སྦྱོང་བྱེད་ཆེད་ཡོང་གི་ཡོད་རེད། གནས་སྟངས་དེ་ཚོའི་ཐོག་ནས་མ་འོངས་པར་འགྱུར་བ་ཤུགས་ཆེན་པོ་ཞིག་ཡོང་རྒྱུའི་རེ་བ་འདུག
དྲི་བ། ཁྱེད་རང་ཚོས་ལོ་མང་པོའི་རིང་རྒྱ་མི་རིགས་མང་པོ་ཞིག་དང་མཉམ་དུ་འབྲེལ་བ་བྱས་ཡོད་པའི་བརྒྱུད་རིམ་དུ། ཁོང་ཚོས་སྔར་ལས་ལྷག་མང་གཙོ་དང་རང་དབང་དེ་ཚོའི་ཐོག་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད་པའི་རྣམ་པ་མཐོང་སོང་ངམ།
ལན། ཁོང་ཚོས་མང་གཙོ་དང་རང་དབང་དེ་ཚོའི་ཐོག་ལ་དོ་སྣང་ཤུགས་ཆེ་རུ་ཏན་ཏན་སོང་ཡོད་པ་རེད། དཔེར་ན། བོད་དང་རྒྱ་ནག་ལ་འབྲེལ་བ་བྱེད་སྐབས་ཁྱད་པར་ཆེན་པོ་འདུག རྩ་བས་བོད་ནང་དང་བསྡུར་ན་རྒྱ་ནག་ནང་ལ་རང་དབང་ཆེ་བ་ཡོད་རེད་ལ། དམིགས་བསལ་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དེ་ཚོའི་ཡུལ་མི་ལ་མང་གཙོ་དང་རང་དབང་སྐོར་ལ་གོ་རྟོགས་ཡག་པོ་འདུག སོ་སོའི་བདེ་འཇགས་དང་དེ་འདྲའི་ཐོག་ལ་བསམ་བློ་མི་གཏོང་བར། ང་ཚོ་དང་མཉམ་དུ་གནད་དོན་དེ་དག་གི་ཐད་ནས་གླེང་སློང་ཤུགས་ཆེན་པོ་བྱེད་ཀྱི་འདུག །