རང་སྲེག་ངོ་རྒོལ་ལས་འགུལ་བ་དར་རྒྱས་ལགས་སྐུ་གྲོངས་འདུག
ཟླ་འདིའི་ཚེས་༧ ཉིན་དེ་སྔོན་ལྷ་སའི་ཇོ་ཁང་མདུན་དུ་རང་ལུས་མེར་སྲེག་གིས། རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དར་རྒྱས་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་༥ པའི་ཚེས་༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དཔེ་ལུང་སྡེ་བ་ནས་ཡིན་པ་རང་ལོ་༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། ཨ་མདོ་རྔ་པ་སོ་རུ་མ་ནས་ཡིན་པ་རང་ལོ་༢༥ ཡིན་པའི་དར་རྒྱས་གཉིས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཉིན་དེ་རང་གི་ཉིན་རྒྱབ་ཆུ་ཚོད་༢ པ་ཡས་མས་སུ་རྡོ་རྗེ་ཚེ་བརྟན་སྐུ་གྲོངས་ཡོད་ཅིང་། དར་རྒྱས་ཉིན་དེར་ཉེན་རྟོག་པས་སྨན་ཁང་དུ་འཁྲིད་རྗེས། ད་ལྟའི་བར་ནང་མི་ཉེ་འབྲེལ་ཚོར་ཐུག་འཕྲད་བྱེད་མ་བཅུག་པར་དམ་དྲག་ཁྲོད་སྨན་བཅོས་བྱེད་དགོས་བྱུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༧ ཉིན་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་གི་ནང་དུ་སྐུ་གྲོངས་ཡོད་འདུག
དར་རྒྱས་ནི་རང་ལོ་༢༥ ཡིན་པ་དང། ཁོང་གི་ཕ་མིང་ལ་ལོ་དེ་དང་། མ་མིང་ཞེས་སྐྱིད་ཟེར། ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ནས་ཡིན་པ་དང་། ཁོང་ཚང་ལ་སྤུན་དྲུག་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱེད་མྱོང་ཡོད་པ་རེད།།