ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཀྱི་དཔེ་དེབ།
ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་རྩོམ་སྒྲིག་བྱས་པའི་<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད>>་ཅེས་པའི་དཔེ་དེབ་དེ་དབུ་འབྱེད་བྱས་པ་དང་། དེར་ཐ་སྙད་༡༠༠༠ ལྷག་གཏན་འབེབས་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་རྩོམ་སྒྲིག་བྱས་པའི་<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད>>་ཅེས་པའི་དེབ་ཕྲེང་བཞི་པ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་གཙོས་པའི། ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་དང་། ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས། གཞན་ཡང་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་འཛོམས་བྱས་འདུག
མཛད་སྒོའི་ཐོག་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་གྱིས་བོད་ཕྱི་ནང་གཉིས་སུ་ཐ་སྙད་གཅིག་གྱུར་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་དང་། ལྷག་པར་དུ་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལ་དངོས་པོ་གསར་པའི་མིང་གི་འདང་གི་མེད་སྐོར། ད་ལྟའི་དུས་ཚོད་འདིར་ང་ཚོས་ཐ་སྙད་གཏན་འབེབས་གང་ཐུབ་ཐུབ་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང།
དེ་ནས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་དཔེ་དེབ་ངོ་སྤྲོད་དང་འབྲེལ་གསུང་དོན། “ལས་དོན་འདི་ང་ཚོ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མ་མཉམ་རུབ་བྱེད་དགོས་པ་རེད། བོད་ཀྱི་སྐད་ཡིག་ཟེར་བ་འདི་མི་རིགས་ཀྱི་བླ་སྲོག་རེད་ལ། བོད་ཀྱི་ཆོས་དང་རིག་གཞུང་གི་རྟེན་གཞི་ཡང་དེ་ཆགས་ཡོད་པ་རེད། སྐད་ཡིག་དེ་གསོན་ཐབས་སུ་སྐད་ཡིག་བེད་སྤྱོད་གཏོང་དགོས་པས། ང་ཚོས་སོ་སོའི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་པ་གལ་ཆེན་པོ་རེད། ༢༠༠༥ ལོ་ནས་ཤེས་རིག་ལས་ཁུངས་ཀྱིས་ཐ་སྙད་གཏན་འབེབས་ཀྱི་ལས་གཞི་འགོ་བཙུགས་ཡོད་རེད། མ་འོངས་པ་ཡིན་ན་ཉིན་རེའི་དངོས་པོ་གསར་པ་ཚོར་ཐ་སྙད་གསར་པ་བཟོ་དགོས་པ་གལ་ཆེན་པོ་རེད། དེ་མཚུངས་སུ་ཐ་སྙད་གཏན་འབེབས་གང་བྱས་པ་དེ་དག་སྤྱི་ཚོགས་ཀྱིས་བེད་སྤྱོད་གཏོང་དགོས་པ་ཡང་གལ་ཆེན་པོ་རེད་”ཅེས་འབོད་སྐུལ་དང་སྦྲགས་གསུངས་སོང་།
<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད>>་ཞེས་པའི་དཔེ་དེབ་དེར་འཛིན་སྐྱོང་དང་འབྲེལ་བའི་ཐ་སྙད་སྡེ་ཚན་དང་པོ་དང་། ནད་དང་སྨན་སྐོར་གྱི་ཐ་སྙད་སྡེ་ཚན་གཉིས་པར་བཞག་སྟེ། ཐ་སྙད་༡༠༠༠ ལྷག་གཏན་འབེབས་བྱས་ཡོད་འདུག རྩ་བས་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་ཕྱི་ལོ་༢༠༠༥ ལོ་ནས་འགོ་བརྩམས་ཏེ་ད་ལྟའི་བར། ཐ་སྙད་གཏན་འབེབས་ཀྱི་དེབ་ཕྲེང་བཞི་རྩོམ་སྒྲིག་བྱས་ཡོད་པ་རེད། །