སྦེལ་རྗམ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི།

belgium1_6_7_2012ཕྱི་ཟླ་༧ པའི་ཚེས་༧ ཉིན་སྦེལ་རྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་ཨན་ཁྲིར་ཕན་ནས་༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་པ་སྟབས་བསྟུན། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་མིང་མང་གསུང་བཤད་གནང་ཡོད་པ་རེད།

belgium2_6_7_2012མཛད་སྒོ་དབུ་མ་འཛུགས་སྔོན་ལ་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་དགེ་འདུན་པ་ཚོས་མི་མང་ལ་འཆམ་འཁྲབ་སྟོན་གནང་ཡོད་པ་རེད།  འཁྲབ་སྟོན་འགྲུབ་རྗེས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་འདྲེན་གྱིས་མཛད་སྒོ་དབུ་འཛུགས་གནང་བ་དང་།   བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་སྦར་སིལ་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་རྡོ་རྗེ་ གཉིས་ཀྱིས་མི་མང་ལ་༧གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་བ་དང་།  སྐབས་ལྔ་པའི་སྤེལ་རྗམ་བོད་རིགས་ཚོགས་པའི་ངོས་ནས་ལས་བསྡོམས་སྒྲོགས་སྦྱང་བྱས་རྗེས། ཚོགས་པ་དང་མི་སྒེར་ཁག་གཅིག་གིས་གཞས་སྣ་གཟིགས་འབུལ་ཞུས།

སྦེལ་རྗམ་བོད་རིགས་ཚོགས་པའི་སྐབས་དྲུག་པའི་བདམས་ཐོན་རྒྱུན་ལས་རྣམ་པ་ངོ་སྤྲོད་དང་བདེ་སྲུང་བཀའ་བློན་མཆོག་གིས་མཇལ་དར་སྒྲོན་པ་དང། དེའི་རྗེས་སྦེལ་རྗམ་བོད་རིགས་ཚོགས་པའི་སྒྲིག་གཞི་ལྟར་རྒྱུན་ལས་སྐབས་དྲུག་པའི་ཚོགས་གཙོ་གཞོན་གཉིས་མི་མང་གིས་ཐད་ཀར་འོས་འདེམས་བརྒྱུད་ཐུབ་བསྟན་འཕེལ་རྒྱས་ཚོགས་གཙོ་དང་རྣམ་རྒྱལ་དབྱངས་འཛོམས་ཚོགས་གཞོན་དུ་བདམས་ཐོན་བྱུང་།

ཚེས་༨ ཉིན་གྱི་ཕྱི་དྲོ་སྦེལ་རྗམ་རྒྱལ་ས་སྦར་སིལ་དུ་ཡོད་པའི་སྦེལ་རྗམ་གྱི་ཁྱད་ནོར་དང་མཚོན་རྟགས་གལ་ཆེན། belgium3_6_7_2012ཡུལ་སྐོར་བའི་ལྟེ་གནས་སུ་གྱུར་ཡོད་པའི་Manneken Pis ཞེས་བའི་བྱིས་པའི་གཟུགས་ལ་གྲྭ་ཆས་ཆ་ཚང་གཡོགས་པའི་མཛད་སྒོ་ཞིག་འཚོགས་ཡོད་པར་ཕྱི་རྒྱལ་བོད་ཀྱི་གྲོགས་པོ་དང་བོད་རིགས་མི་གྲངས་བརྒྱ་ལྷག་འཛོམས་ཡོད་པ་རེད། མཛད་སྒོ་འགྲུབ་རྗེས་མི་མང་རྣམས་ས་གནས་དེ་ནས་La Bourse བར་ཏུ་གོམ་བགྲོད་ཀྱིས་༸གོང་ས་མཆོག་གི་མཚན་འཁོད་ཕྱག་སྨྱུག་༡༡༡༣ མི་མང་ལ་འགྲེམས་སྤེལ་བྱས་པ་དང་། ས་གནས་བོད་རིགས་སློབ་མ་ཚོའི་ཞབས་བྲོ་འཁྲབ་སྟོན་བྱས།  བོད་མི་ཚོས་བོད་ཆས་སྤུས་དག་གྱོན་ཞིང་རོལ་ཆས་དཀྲོལ་བ་དང་ནང་མ་སྒོར་གཞས་འཁྲབ་པ་སོགས་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ལམ་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་སྟོན་སྲུང་བརྩི་བྱས་ཡོད་འདུག

ཚེས་༩ཉིན་སྦར་སིལ་གྱི་ནཱ་ལེན་ཊ་ཆོས་ཚོགས་ལྟེ་གནས་སུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ དང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཉིས་དབུ་བཞུགས་ཐོག་སྦེལ་རྗམ་བོད་རིགས་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་རྣམ་པའི་ལས་ཁུར་དམ་འབུལ་ཞུས།  དམ་འབུལ་རྗེས་བཀའ་བློན་དང་དོན་གཅོད་སྐུ་ཚབ་རྣམ་གཉིས་ཀྱིས་ལམ་སྟོན་གསུང་བཤད་གནང་བ་དང་།  སྦེལ་རྗམ་བོད་རིགས་ཚོགས་པའི་རྒྱུན་ལས་གསར་རྙིང་གཉིས་དང་ས་གནས་གཞོན་ནུ། ས་གནས་ཆུ་སྒང་ཚོགས་པ།  བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཅས་ཀྱི་སྐུ་ཚབ་རྣམས་དང་མཇལ་འཛོམས་ཀྱིས་བཀའ་འདྲི་བགྲོ་གླེང་གནང་།

གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།