སེར་སྨད་བློ་དགའི་ཆབ་སྲིད་རྐུབ་སྟེགས་འཚོལ་སྙེག་གི་ལམ་བུ།
སེར་སྨད་བློ་དགའ་ནི་དུས་རྒྱུན་སེ་ར་ཆོས་སྒར་དུ་སྡོད་མཁན་ཞིག་རེད་ལ། སྤྱི་ཚོགས་དང་ཆབ་སྲིད་ལ་དོ་སྣང་ཡོད་མཁན་གྱི་གྲས་ཤིག་ཀྱང་རེད། དེ་བཞིན་ཐ་སྙད་རིག་གནས་ཀྱི་སྐོར་ལ་མཐའ་རྒྱ་ཆོད་པའི་མཁས་པ་ཞིག་མིན་ཡང་བག་ཆགས་ཅུང་ཙམ་ཡོད་མཁན་ཞིག་ཡིན་པས། གསར་ཤོག་ཁག་ནང་རྩོམ་ཡིག་ཐན་ཐུན་རེ་སྤེལ་རྒྱུར་ཡང་ཧ་ཅང་དགའ་མཁན་ཞིག་ཡིན། གཙོ་བོ་ཁོང་དུས་རྒྱུན་མིའི་མདུན་དུ་ཐོན་རྒྱུར་དགའ་བ་དང་། རང་ཚུགས་མི་བརྟན་པ་འདི་ཁོང་གི་རྣལ་མའི་ཀུན་སྤྱོད་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།
སེར་སྨད་བློ་དགའ་ནི་ངའི་གོ་ཐོས་ལ་ལོ་བདུན་བརྒྱད་ཀྱི་ཡར་སྔོན་ལ་སེར་སྨད་གྲྭ་ཚང་གི་ནང་ནས་སློབ་སྦྱོང་ཡག་པོ་བྱེད་མཁན་གྱི་གྲས་དང། གཞུང་ཆེན་ཁག་ཅིག་ཀྱང་ངག་ཐོག་ཟིན་ནས་གྲྭ་པའི་སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་ཡིན་འདུག་པ་མ་ཟད། གྲྭ་ཚང་དེའི་འདོན་བཟང་སྐད་བཟང་གི་གྲས་ནས་ཀྱང་ཡིན་པ་རེད། དེའི་རྗེས་ནས་དྷ་སར་སྨན་བཅོས་ཀྱི་མིང་ཐོག་ནས་སོང་བ་ནས་བཟུང་དུས་རྒྱུན་གྲྭ་པའི་འཚོ་བ་སེམས་གཏིང་ནས་སུན་སྣང་དང་། ཆབ་སྲིད་ཀྱི་འཚོ་བའི་ལམ་བུ་ལ་དོ་སྣང་ཤུགས་ཆེ་བྱུང་བ་རེད། གྲྭ་སར་ཡོད་ཀྱང་དཔེ་ཆར་མི་བལྟ་བ་དང་། དུས་རྒྱུན་ཁྱི་རྒན་ཁང་ཐོག་ཏུ་ཕུད་པའི་དཔེ་བཞིན་མར་ལ་ལྟ་མཁན་གྱི་གྲས་སུ་ཚུད་པ་རེད། ཁོང་གིས་བྱས་རྗེས་ཆེ་ཤོས་ཤིག་བཞག་པ་ནི་ཕྱི་ལོ་༢༠༡༠ ལོར་མ་སུ་རི་ནས་སློབ་ཕྲུག་ཁག་ཅིག་འཁྲིག་སྤྱོད་ལ་བརྟེན་ནས་རྩ་དགོངས་བཏང་བ་དག་བལ་ཡུལ་སྣེ་ལེན་ཁང་ནས་ཕྱིར་དྷ་སར་ཁྲིད་དེ་སློབ་གྲྭར་ཚུད་ཐབས་བྱས་པ་དེ་རེད། དེའི་ཐད་ནས་ཁོང་ལ་བསྔགས་བརྗོད་ཆེན་པོ་ཡོད། སློབ་གྲྭ་ཞིག་ལ་མཚོན་ན་སྒྲིག་གཞི་དང་འགལ་སོང་ན་ཕྱིར་འཕུད་བྱས་པ་ལུགས་མཐུན་ཡིན་མོད། དེ་དག་གི་མི་ཚེའི་མདུན་ལམ་གཞན་ཞིག་ནས་གོ་སྒྲིག་ཐུབ་པ་ནི་སེར་སྨད་བློ་དགའི་འཇོན་ཐང་དང་འབད་བརྩོན་བྱས་པའི་འབྲས་བུ་རེད་ཅེས་བརྗོད་ཆོག ཁོང་གིས་དེ་ལྟར་བྱེད་ཐུབ་པ་དེ་ཡང་གཙོ་བོ་སྐབས་དེའི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཁོ་ན་ལ་བརྟེན་ནས་བྱུང་བ་དང་། དེ་དག་བལ་ཡུལ་ནས་བསུ་ལེན་བྱེད་རྒྱུ་སོགས་ཀྱི་ཐད་སེར་སྨད་བློ་དགའ་ལ་རྒྱབ་ལོག་ནས་ལས་ཀ་བྱེད་མཁན་གཙོ་བོ་ད་ལྟའི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་རེད། ཅིག་བྱས་ན་བློ་དགའ་འགྲོ་གི་ཡིན་ཞེས་བརྗོད་པའི་ཚེ་ལམ་གྲོན་སོགས་ཀྱི་མཐུན་འགྱུར་ཡང་ཁོང་གིས་གནང་བ་ཡིན་སྲིད། གང་ལྟར་ལས་དོན་དེ་བསྔགས་བརྗོད་ཀྱི་རང་བཞིན་རེད།
སྐབས་བཅོ་ལྔའི་སྤྱི་འཐུས་ནང་སེར་སྨད་བློ་དགས་ཤུགས་གང་ཡོད་བརྒྱབ་ཡོད་པ་དང་། ཁོ་རང་གི་སྟོང་བསམ་ནང་ཐོབ་ཀྱི་རེད་བསམ་པའི་ཡིད་ཆེས་ཀྱང་སླེབས་ཡོད་པ་རེད། འོན་ཀྱང་ཁོང་མདོ་སྟོད་ལི་ཐང་ནས་ཡིན་པས་མདོ་སྟོད་ཀྱི་ཁོངས་སུ་ལངས་དགོས་དུས། ཆུ་སྒང་གི་མིང་ཁུར་མཁན་གཉིས་ཡོད་པའི་ནང་ནས་ཁོང་ཕ་ཡུལ་གཅིག་པ་དབྲ་ཕྲུག་ངག་དབང་དང་འབྲེལ་བ་ཆེ་བས་དྷ་སའི་ཆུ་སྒང་དང་འདྲིས་པོ་ཡོད། ཅིག་བྱས་ན་རྒྱ་རི་སྒྲོལ་མ་ལའང་ཐོག་མ་འབྲེལ་བ་འདི་ལྟ་བུ་བརྒྱུད་ནས་བྱུང་བ་ཞིག་ཡིན་སྲིད། ཆུ་སྒང་གསར་པའི་འོས་གཞིའི་ནང་ཁོང་མེད་ཀྱང་མི་མང་པོ་ཞིག་གིས་ཁོང་རང་བཞིན་གྱིས་དེའི་ཁོངས་སུ་བརྩིས་པ་རེད། སྒྲིག་འཛུགས་དེ་ལ་མདོ་སྟོད་ཀྱི་སྤྱི་ཚོགས་ནང་ཤུགས་རྐྱེན་གང་ཡང་མེད་པས་བློ་དགའ་ཡང་དེ་དག་གི་མཉམ་དུ་མར་ཟག་པ་མ་ཟད། ཐག་ཉེ་ཤོས་ཀྱི་གྲས་སུ་ཡང་ཚུད་ཡོད་པ་མ་རེད། དེར་བརྟེན་ཁོང་གི་དུས་རྒྱུན་སེམས་ནང་གི་རྨི་ལམ་གཅིག་དུས་དེ་ནས་བཟུང་མངོན་གྱུར་ཐུབ་མེད་པ་རེད། མང་གཙོ་ཚོགས་པའི་ཚོགས་པའི་ཚོགས་མིའི་ནང་ཕྱི་ལོ་༢༠༡༠ ལོར་ཞུགས་ནས་ས་གནས་ཀྱི་འགན་ཁུར་བ་དང་། དེའི་ནང་ནས་ཀྱང་ཇུས་གཏོགས་བྱེད་ཆེ་ཤོས་ཀྱི་གྲས་ཡིན་པ་རེད། ཁོང་གི་སེམས་ལ་མདོ་སྟོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་རྐུབ་སྟེགས་ཞིག་རག་པར་ཁོང་ལ་གོ་སྐབས་དེ་ཙམ་མེད་པ་དང། གནས་སྐབས་གྲྭ་ས་ནས་སྡོད་མི་དགོས་ཙམ་གྱི་ཐོག་ལ་སྤྱི་ཚོགས་ནང་འཛུལ་ཞུགས་བྱེད་སའི་ལམ་ཁ་ཞིག་ཀྱང་ཡོད་པ་ཞིག་དགོས་དུས་ཁོང་གི་མིག་སྔའི་ལམ་ཁ་ཡག་ཤོས་དེ་མང་གཙོ་ཚོགས་པའི་རྒྱུན་ལས་ཤིག་རག་རྒྱུ་དེ་རེད། དེ་ལ་ཁོང་གིས་སྔ་འདང་ཕྱི་འདང་མང་པོ་བརྒྱབ་དུས་མང་གཙོ་ཚོགས་པའི་ནང་མདོ་སྟོད་ཀྱི་མི་སླེབས་ཐབས་དཀའ་བ་དང་། ཚོགས་པ་འདིའི་རྒྱུན་ལས་དང་ཚོགས་མི་ཕལ་མོ་ཆེ་དབུས་གཙང་རྐྱང་པ་ནས་ཡོང་གི་ཡོད་པ་དང་། དེར་སླེབས་ཐབས་སུ་མདོ་སྟོད་ཕྱོགས་ཀྱི་མི་སྣ་གནད་ཡོད་རྣམས་ལ་ཁ་བཏང་ན་དབུས་གཙང་པས་དོ་སྣང་དང་རྒྱབ་སྐྱོར་འཐོབ་ཐུབ་པའི་རེ་བ་བརྒྱབ་པ་རེད། ཐབས་ལམ་དེ་ལྟ་བུ་བེད་སྤྱོད་བྱེད་མཁན་དབུས་གཙང་གི་སྤྱི་ཚོགས་ཁྲོད་ཀེ་ལ་ཤ་བློ་གྲོས་བཟང་པོ་དང་། ཡབ་ཆེན་པ་སངས་ཚེ་དབང་ལྟ་བུ་རེད། དེར་བརྟེན་སེར་སྨད་བློ་དགས་ལོ་སྔོན་མའི་ནང་མདོ་སྟོད་ཀྱི་སྤྱི་འཐུས་འཐུས་འཇུ་ཆེན་དཀོན་མཆོག་དང་། གཡུང་དྲུང་རྒྱལ་མཚན། ཚུལ་ཁྲིམས་བསྟན་འཛིན་སོགས་ལ་ཚད་ལས་བརྒལ་བའི་ཁ་བཏང་བ་དང་། རྩོམ་ཡིག་“རེ་བ་མེད་པའི་སྤྱི་འཐུས་”ཞེས་པ་ཞིག་བྲིས་ཡོད་པ་རེད། གད་མོ་ཤོར་བ་ཞིག་ལ་དབུས་གཙང་སྤྱི་འཐུས་ཨཙརྱ་ཡེ་ཤེས་ཕུན་ཚོགས་ལ་རྩོམ་ཡིག་དེར་བསྔགས་བརྗོད་ལུང་པ་གང་བྱས་ཡོད་པ་དེའི་རྒྱབ་ལྗོངས་གཙོ་བོ། ཡེ་ཤེས་ཕུན་ཚོགས་ཀྱིས་མང་གཙོ་ཚོགས་པའི་ཚོགས་གཙོ་ལོ་མང་གནང་བ་དང་། དབུས་གཙང་གི་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་པར་ངོས་འཛིན་གྱིས་ཁོང་གིས་གོ་སྐབས་དེ་བཟུང་བ་རེད། དེ་དང་མཉམ་དུ་མདོ་སྟོད་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལའང་བསྟོད་པ་མི་རྒྱག་ཀ་མེད་བྱུང་ཡང་དེས་ཁོང་མང་གཙོ་ཚོགས་པའི་དབུས་རྒྱུན་དུ་སླེབས་པར་འགལ་རྐྱེན་གང་ཡང་འཕྲད་མི་སྲིད་པར་ངོས་འཛིན་གནང་བ་རེད། མདོར་ན་ཁོང་གི་རེ་བ་ཐབས་ཤེས་བྱས་པ་བརྒྱུད་ད་ལྟའི་ཆར་ཁོང་མང་གཙོ་ཚོགས་པའི་རྒྱུན་ལས་སུ་སླེབས་ཡོད་ཚུལ་འདུག
ཉེ་ཆར་ཡང་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་རྩོམ་ཡིག་ཅིག་སྤེལ་ནས་གཙོ་བོ་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་རྒྱ་མིའི་གསང་ཉུལ་ཡིན་པ་ལྟ་བུའི་རྩོམ་ཡིག་ཅིག་སྤེལ་འདུག དེ་ལྟར་བྱེད་དགོས་དོན་ཡང་ད་ལྟ་མང་གཙོ་ཚོགས་པའི་ཚོགས་གཙོ་དེ་མཐོ་སློབ་ཀྱི་སློབ་ཕྲུག་ཅིག་ཡིན་པས་ཁོང་མུ་མཐུད་དུ་མཐོ་སློབ་ཏུ་སོང་ནས་རྒྱུན་ལས་ནས་དགོངས་པ་ཞུ་སྲིད་པ་དང་། དེ་ལ་བརྟེན་ནས་ཁོང་ལ་ཚོགས་གཙོའི་རྐུབ་སྟེགས་དེ་རག་སྲིད་པའི་རེ་བ་བརྒྱབ་པ་ཞིག་ཡིན་མི་སྲིད་པ་མ་རེད། གང་ལྟར་ཁོང་གི་ཆོས་ཕྱོགས་ཀྱི་སློབ་གཉེར་མཚམས་བཞག་ཡོད་པ་རེད། ལོ་སྔོན་མ་ཁོང་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ནས་ཐོག་མ་རྒྱུགས་སྤྲོད་པ་ཚང་འཛོམས་པའི་སྐབས་ཁོང་གིས་ང་ལ་བསམ་ཚུལ་ཞིག་ཤོད་རྒྱུ་ཡོད། ང་ཚོ་ཚང་མས་རྒྱུགས་སྤྲོད་ལ་གྲ་སྒྲིག་ཡག་པོ་བྱས་ཡོད་པ་རེད། ངས་ཀྱང་གྲ་སྒྲིག་འཐུས་ཚང་བྱས་ཡོད། ད་ལན་རྩོད་ཟླ་སུ་ཡིན་ཧ་མི་གོ་བའི་སྐབས་ནས་གསལ་པོ་བཟོ་དགོས་པ་ཞིག་ལ། རྟགས་གསལ་གཏོང་བའི་སྐབས་སུ་ཚ་པོ་ཐོངས་ཤོག ངས་ཀྱང་ཚ་ཐག་ཆོད་གཏོང་གི་ཡིན། དེར་བརྟེན་རྗེས་སུ་བཤད་རྒྱུ་གང་ཡང་མེད་པར་ཐོག་མ་ནས་བཤད་བཞག་ན་ཡག་གི་རེད་ཅེས། གཏམ་བཤད་བྱས་པའི་ཚེ་རྒྱུགས་སྤྲོད་པ་དེ་ཚོ་ཧང་སངས་ནས་དངོས་གནས་དེ་སུ་ཡིན་ན་ཞེས་སྐྲག་སྣང་ཡང་བྱུང་ཡོད་འདུག སྟབས་མ་ལེགས་པ་ཞིག་ལ་སེར་སྨད་བློ་དགའ་དགེ་ལུགས་རྒྱུགས་སྤྲོད་ཐོག་མའི་སྐབས་རྒྱུགས་མ་འཕྲོད་པར་དེང་དུས་སྦྲགས་སྐད་བཤད་སྟངས་ལྟར་ན་རྒྱུགས་སྤྲོད་fail ལུས་ཡོད་པ་རེད། འོན་ཀྱང་ལོ་འདིར་བསྐྱར་དུ་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་ཆོག་ཀྱང་། ཁོང་གི་ལམ་ཁ་དེ་གཡུགས་ནས་མང་གཙོ་ཚོགས་པའི་རྒྱུན་ལས་ཀྱི་རྐུབ་སྟེགས་དེ་བདམ་པ་རེད། དེར་བརྟེན་འདི་ནི་ཁོང་གི་ཆབ་སྲིད་རྐུབ་སྟེགས་ཀྱི་ལམ་བུ་འཚོལ་སྙེག་བྱས་པའི་སྐོར་མདོར་བསྡུས་ཙམ་ཡིན། ད་མ་འོངས་པར་ཁོང་གི་ཆབ་སྲིད་ཀྱི་ལམ་བུ་སྔར་ལས་རྒྱ་ཆེ་བའི་སྨོན་ལམ་དང་བཅས།།