བདེན་པའི་མེ་ལྕེ་དེ་པཱོན་ཌི་ཅ་རི་གྲོང་ཁྱེར་དུ་འབྱོར་འདུག
ཟླ་འདིའི་ཚེས་ ༩ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་བདེན་པའི་མེ་ལྕེའི་ལས་འགུལ་དེ་རྒྱ་གར་པཱོན་ཌི་ཅ་རི་གྲོང་ཁྱེར་དུ་འབྱོར་བ་དང་། ཚེས་༡༢ ཉིན་ཅེ་ན་ཡཱེ་གྲོང་ཁྱེར་དུ་ལས་འགུལ་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་ ༦ ཕྱི་དྲོ་བདེན་པའི་མེ་ལྕེ་རྒྱ་གར་ལྷོ་ཕྱོགས་ཀི་ར་ལཱ་མངའ་སྡེའི་གྲོང་ཁྱེར་ཀཱོ་ཅི་ཕྱིན་ཏེ། ཕྱི་ཚེས་ ༧ ཞོགས་པ་ཏཱ་མེལ་ནཱ་དུ་མངའ་སྡེའི་གྲོང་ཁྱེར་ཀོ་ཡམ་བྷ་ཏོར་དུ་འབྱོར་བ་དང་། དང་ཐོག་ཁུལ་དེའི་གསར་བརྒྱུད་ལམ་ཁག་ལ་སྤྱི་འཐུས་ཀརྨ་ཡེ་ཤེས་དང། ས་ཁུལ་དེར་ཚོང་ལས་གཉེར་མཁན་བུད་མེད་ཞིག་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་ལས་འགུལ་གྱི་སྐོར་འགྲེལ་བརྗོད་གནང་།
དེ་རྗེས་ཁུལ་དེར་གནས་སྡོད་བོད་མི་བཅུ་ཕྲག་སྐོར་དང་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Anto ལགས་ཀྱིས་དབུས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་དུ་འགོ་བཙུགས་ཏེ། གྲོང་ཁྱེར་ནང་སྐོར་བསྐྱོད་བྱས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ལ་འབུལ་ལམ་ཞུ་རྒྱུའི་ས་རྟགས་བསྡུ་རུ་བྱས།
ཕྱི་ཚེས་ ༧ ཕྱི་དྲོ་ཀོ་ཡམ་བྷ་ཏོར་ནས་ཐོན་ཏེ། རྒྱ་གར་ ཏཱ་མལ་ནཱ་དུ་མངའ་སྡེའི་གྲོང་ཁྱེར་བརྒྱུད་ཕྱི་ཚེས་ ༩ ཉིན་བདེན་པའི་མེ་ལྕེ་དེ་བཞིན་པཱོན་ཌི་ཅ་རི་གྲོང་ཁྱེར་དུ་ལས་འགུལ་སྤེལ།
ཟླ་འདིའི་ཚེས་༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཐོག་འདི་ག་ཅེ་ན་ཡཱེ་ཁུལ་གྱི་ Lady Andal School ཞེས་པའི་སྙན་གྲགས་ཅན་གྱི་སློབ་གྲྭའི་ཞོགས་ཚོགས་སྐབས་སྤྱི་འཐུས་ཀརྨ་ཡེ་ལགས་ཀྱིས་དགེ་ལས་སློབ་ཕྲུག་ཚོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་དང་། སློབ་གྲྭའི་ནང་མཚན་རྟགས་བསྡུ་རུབ་བྱས།
དེ་རྗེས་ཅེ་ན་ཡཱེ་ཁུལ་གྱི་ལོ་ཡི་ལ་མཐོ་སློབ་ཏུ་རྟེན་གཞི་བྱས་པའི་ All India Catholic University Federation (AICUF) ཞེས་རྒྱ་གར་རྒྱལ་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ Rev. Fr. M. G. Selvin Raj S.J མཆོག་མཇལ་འཕྲད་ཞུས་ཏེ། བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་དང་། ཁོང་གི་སར་ནས་མཚན་རྟགས་ཞུས་པས་མ་ཟད། གོང་གསལ་ཚོགས་པའི་ཕྱི་ཟླ་ ༨ པའི་ནང་ཚོགས་རྒྱུའི་མཚན་ཚོགས་ཆེན་ཐོག་མཚན་རྟགས་བསྡུ་རུབ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།
ད་དུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལསག་ཀྱིས་དབུ་ཁྲིད་པའི་བོད་པའི་སློབ་ཕྲུག་དང་། བོད་དོན་རྒྱན་སྐྱོར་བ་ལྕམ་སྐུ་ ཨ་ཤ་རེ་ཌི་ལགས་ནས་འདི་ཁུལ་གྱི་ཤེས་ཡོན་བསྟི་གནས་དཔེར་ན། མཱ་དྷ་རཱ་སི་མཐོ་སློབ་སོ་སོར་ངོ་བཅར་གྱིས་བོད་དོན་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཕྱི་ཚེས་ ༡༢ ཉིན་ ཏཱ་མེལ་ནཱ་དུ་མངའ་སྡེའི་གྲོང་ཁྱེར་ཅེ་ན་ཡཱེ་ནང་གསར་འགོད་ལྷན་ཚོགས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ད་རེས་ཀྱི་ལས་འགུལ་འདིའི་དགོས་འདུན་ཁག་ནི།
༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
༢༽ བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། ༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།