《འཆིང་ཐར་བུ་མོ》
《འཆིང་ཐར་བུ་མོ》
སློབ་གྲོགས་ཨ་ནེ་ཞིག་སྐྱ་སར་བབས་པར་བྲིས།
དལ་གཅིག་ན་ཧར་གྱིས་བཞེངས་པའི་མཛེས་མ་བོ་མེ་ཏོག་འདྲ་བོས།།
གང་ཞིག་ནས་སྙིང་ལ་བཏབ་པའི་དྲན་པ་དེ་ཡམ་ཡོམ་གཡོས་བྱུང་།།
ལོ་ཟླ་ཡི་ཁུག་པ་ནག་པོ་འབྲུག་མོ་ཚོས་གྲུ་གུར་བསྡོགས་པས།།
གཞིས་ནིང་ལོའི་དོ་ཚིག་གང་ལ་ལང་ཚོ་འདི་ཤམ་ལྭས་མཆོད་ཡོད།།
ད་ཅི་ན་སིལ་སིལ་འཇོ་བའི་དབུ་སྐྲ་ཡི་ནགས་ཀླུང་ཕྱུག་མོ།།
སྒྲོམ་བུའི་ནང་ཏཱ་རེ་ལྷ་མོའི་མགོ་བོ་ནས་བརྐུས་པ་ཨི་ཡིན།།
རྐང་འོག་ཏུ་བསྒྲལ་ཞིང་བཅུག་པའི་མགོ་ཟླུམ་དེ་ཆད་པས་རྒྱལ་འདུག།།
སྒོ་གསུམ་གྱི་རང་དབང་སྡོམ་བྱེད་ལྕགས་སྒྲོག་དེ་བཏོར་བས་མཛེས་འདུག།།
དེའུ་འབུར་གྱི་སྐེད་པ་བཅད་པའི་ཕྲ་ལམ་ནང་ཁྱུག་ཁྱུག་འཁྱུག་པ།།
རྐང་སྣམ་ལས་མཛེས་དབྱིབས་དཀྲོལ་བས་དག་སྣང་གི་བརྙན་རིས་མིན་སོང་།།
ངོ་གདོང་གི་སུམ་འདུད་གྲོལ་ཞིང་རྒྱང་མིག་ལ་འགྲོས་ལག་རྫོགས་ན།།
ད་ཆ་ནི་ཨ་ཅེ་མ་ཁྱོད་བཙོན་དོང་ལས་ཐར་བ་ཡིན་འདུག།།
དུས་རླུང་གིས་གྲང་འཁྱག་བཅོམ་པའི་འཁྲི་ཤིང་གི་ལོ་མའི་གསེབ་ནས།།
སྐུད་སྣེ་ལ་སྦྲང་ཆར་འབེབ་ཀྱིན་རྨི་ལམ་གྱི་གཤོག་སྣེ་སྐྱོང་མ།།
སྟོང་འདུན་ལ་ཁྲུན་ཐག་ཆོད་དེ་ལྷ་ཚོགས་ཀྱིས་བསུན་པས་མིན་ནམ།།
ཕྲག་གོང་གི་ཨ་ཤིང་བཅགས་ཏེ་རྩིད་དཀར་གྱི་སྣ་ཐག་བཅད་འདུག།།
མིག་འཛུམ་དེ་བྲིས་པའི་མེ་ཏོག་བཙན་ཞག་བཏབ་པ་འདྲ་འདི་ཀོ།།
བདེན་སྟོང་གི་ཕྱག་རྒྱའི་རུམ་ནས་མཚན་བྲོས་ཀྱིས་ཕེབ་པར་འདུག་སྟེ།།
ཉིན་པ་དང་མཚན་མོ་ཀུན་ཏུ་བྱ་རའི་ཐོག་མེལ་ཚེ་སྣོན་ན།།
འཇིག་རྟེན་གྱི་སྙིང་པོ་ཞིག་ལ་སུམ་ལོག་ཏུ་འཁྲིལ་ནས་ཡོད་ཚོད།།
མཁུར་བ་དག་བྱུ་རུས་ཟོས་པ་སྡུ་གུ་མའི་འཛུམ་ཀོང་ཕྲ་མོ།།
སྒེའུ་ཁུང་གི་དྲྭ་མའི་ངོགས་ན་ལྷག་རླུང་གིས་བཙགས་པ་ཉེས་སོང་།།
མཛེས་སྡུག་གི་ལྷུ་ལག་ཕྲ་མོ་སྒེར་ཁྲིམས་ཀྱིས་གཅུས་ཤིང་བཅིངས་ཀྱང་།
རང་བྱུང་གི་རྣམ་ཤེས་ཁྱུ་གཅིག་སྒོ་སྲུབ་དང་རྫ་དཀར་ལས་ཤོར་སྐད།།
ནུ་མོ་ཚོའི་གྲེ་བ་སྙན་པོ་ཉི་ཟེར་དང་སྤྲིན་དཀར་འགྲོགས་དུས།
ཀོང་བུ་ཡི་འོད་ལ་འཁྲེན་པའི་ཕྱེ་ལེབ་དེ་ཁྱེད་རང་ཡིན་འདུག།།
རྔ་རྒོད་དང་ལྕགས་ཁྲོལ་འོག་ན་སུམ་སྒྲོག་གི་འདོན་རྟ་ལྷང་ལྷང་།།
ཆོས་སྲུང་དང་ཡི་དམ་དགྱེས་པའི་དངོས་གྲུབ་དེ་གང་དུ་གཡུགས་སམ།།
ངག་དབང་ཚུལ་ཁྲིམས་ཀྱིས་༢༠༡༢།༡༥གཟའ་ཕུར་བུ་ལ་རྡ་ས་ནས་བྲིས།