གྲྭ་པ་ཞིག་དམར་གསོད།
བོད་ལྗོངས་ཆབ་མདོ་ནས་ཡིན་པའི་གྲྭ་པ་པདྨ་ནོར་བུ་ཟེར་བ་ཞིག་ལ་རྒྱ་གཞུང་གི་དམག་མིས་གཅར་རྡུང་ བཏང་ནས་བསད་ཡོད་པའི་གནས་ཚུལ་ཞིག རྒྱ་གར་ལྷོ་ཕྱོགས་ས་གནས་སུ་གནས་སྡོད་བྱེད་མཁན་ཀུན་བཟང་བསྟན་འཛིན་གྱིས་འགྲེལ་བརྗོད་གནང་སོང་།
དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་བོད་ལྗོངས་ཆབ་མདོ་ས་ཁུལ་ཁམས་རི་བོ་ཆེ་ཁྲ་འཁྱིལ་དགོན་གྱི་ཉེ་འཁྲིས་སྦྱིན་མདའ་གྲོང་ནས་ཡིན་ཞིང་། མིང་ལ་པདྨ་ནོར་བུ་ཟེར་བ་ཞིག་རྒྱ་གཞུང་ཉེན་རྟོག་པའི་གཅར་རྡུང་བྱས་ནས་བསད་ཡོད་པའི་སྐོར་ཁོང་གི་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་ཀུན་བཟང་བསྟན་འཛིན་ལ་འགྲེལ་བརྗོད་བྱས་འདུག
ཚེས་གྲངས་ཁ་གསལ་མེད་ནའང་། རྒྱ་དམར་དྲག་ཆས་དམག་གིས་གཅར་བརྡུང་བྱས་ནས་བསད་པའི་བོད་མི་པདྨ་ནོར་བུ་ནི་དེ་སྔོན་ཁམས་སྡེ་དགེ་རྫོང་སར་བཤད་གྲྭའི་ནང་དུ་ཞུགས་ཡོད་ན་ཡང་། ཉེ་ཆར་ཁོང་ཕ་ཡུལ་དུ་ལོག་རྩིས་བྱེད་སྐབས་སྡེ་དགེ་རྫོང་ཐོག་ནས་རྒྱ་གཞུང་གིས་འགྲོ་མ་བཅུག་པར་བརྟེན། ལམ་བསྐོར་ཏེ་སྐྱེས་དགུ་ནས་འགྲོ་ཡོད་ན་འང་སྟབས་མ་ལེགས་པར་རི་བོ་ཆེ་དང་ནང་ཆེན་གྱིས་ས་མཚམས་སྡོང་རྒན་ཐང་ཞེས་པར་རྒྱ་གཞུང་གིས་བཀག་འགོག་སྔོག་བཤེར་བྱེད་ས་ཞིག་བཙུགས་ཡོད་པ་དེར། ཁོང་རྒྱ་གཞུང་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་གིས་ཁྱེར་ཡོད་པའི་རྒྱབ་ཁུགས་སོགས་སྔོགས་བཤེར་བྱས་ཏེ། ནང་དུ་འོད་སྡེར་དང་དཔེ་དེབ་འདྲ་མིན་མང་པོ་བཅུག་ཡོད་པར་བརྟེན། ཉེན་རྟོག་པའི་ཁོང་ལ་གཅར་ཚད་ལས་བརྒལ་བ་བཏང་སྟེ་སྲོག་ཉེན་ལ་ཐུགས་རྗེས་ཆབ་མདོ་རྫོང་གི་སྨན་ཁང་ཞིག་གི་ནང་དུ་འཇོག་ཁུལ་བྱས་ཡོད་ཀྱང་། དེ་མ་ཐག་སྐུ་གྲོངས་ཟིན་ཡོད་འདུག
ཁོང་ནི་སྤྲུལ་སྐུ་བསོད་རྒྱལ་གྱིས་དགོན་པ་མཚུར་ཕུ་དགོན་པའི་གྲྭ་པ་ཡིན་པ་རེད་འདུག་ལ། ཁོང་གིས་ཨ་ཕའི་མིང་ལ་ཨ་ཕོ་ཨ་སྐྱིས་དང་ཨ་མའིི་མིང་ལ་བདེ་ལྷ་ཟེར་གྱིས་ཡོད་པ་རེད། ད་དུང་ང་ཚོ་བོད་ནང་དུ་དེ་ལྟ་བའི་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཀྱང་བཤད་ཕོད་ཀྱི་ཡོད་པ་མ་རེད། ངེད་ཀྱིས་ཉེན་ཁ་ལ་མ་འཛེམས་པར་བཤད་པ་ཡིན་ཞེས་བོད་ནས་འགྲེལ་བརྗོད་བྱས་འདུག །
མོན་གྷོ་གསར་འགོད་པས།