ཀུན་ལ་དབང་བའི་ནོར་མཆོག །
བརྩེ་དུང་ཟེར་བ་ཨེ་མ་མཚར།།
ཕ་མའི་བཙན་བསྐུལ་མ་ཡིན་ལ།།
རྒྱལ་ཁམས་སོ་སོའི་ཁྲིམས་ཡང་མིན།།
འཇིག་རྟེན་ཕོ་མོས་ངང་གི་བརྩོན།།
བརྩེ་དུང་ཟེར་བ་ཡ་མཚན་ཅན།།
མཐོང་རྒྱུ་མེད་ལ་འཛིན་རྒྱུའང་མེད།།
ཕྱི་ནས་རྣམ་འགྱུར་ཅི་སྟོན་རུང༌།།
ནང་གི་སེམས་པ་ཁྱོད་ལ་ཕྱོགས།།
བརྩེ་དུང་ཟེར་བ་སྨྱོ་ཆུ་འདྲ།།
དེ་ཡི་ཆེད་དུ་གཞན་སྲོག་བཅད།།
དེ་ཡི་དོན་དུ་རང་སྲོག་དོར།།
ཀུན་གྱི་སྨད་པའི་ལས་ལ་ཞུགས།།
འཇིག་རྟེན་བྱས་པོ་ཞིབ་ཚ་ཆེ།།
དེད་པའི་ལྕག་ཚ་ཕྱག་ན་མེད།།
ཁྲིད་པའི་སྣ་ཐག་མགོ་ལ་དབེན།།
ཐམས་ཅད་འགྲིགས་པ་བརྩེ་བས་བྱས།།
ཡོད་ན་མི་འགྲིགས་བརྩེ་དུང་དེ།།
སྐྱེ་འགྲོ་ཐམས་ཅད་དེ་ཡི་འཁྲུགས།།
མེད་ན་མི་འགྲིགས་བརྩེ་དུང་དེ།།
འཇིག་རྟེན་ཁམས་གསུམ་སྟོང་དུ་འགྲོ།།
ཡ་མཚན་ཆེ་འོ་ཡ་མཚན་ཆེ།།
བརྩེ་དུང་ཟེར་བ་ཡ་མཚན་ཆེ།།
ག་དུས་ཡོང་དང་ག་དུས་འགྲོ།།
སུ་ཡི་མི་རྟོགས་སྒྱུ་མ་མཁན།།
ཡ་མཚན་ཆེ་འོ་ཡ་མཚན་ཆེ།།
ཡ་མཚན་ཅན་གྱི་དངོས་པོ་མང༌།།
བརྩེ་དུང་ལས་ལྷག་ཡ་མཚན་ཅན།།
འཇིག་རྟེན་གསུམ་ལ་འགྲན་ཟླ་མེད།།
ཡ་མཚན་ཆེ་འོ་ཡ་མཚན་ཆེ།།
བརྩེ་དུང་ཟེར་བ་དྲང་ལྡན་ཅན།།
མཆོག་དམན་དབུལ་ཕྱུག་ཁྱད་མེད་པར།།
ཀུན་ལ་དབང་བའི་རིན་ཆེན་ནོར།།
ཡ་མཚན་ཆེ་འོ་ཡ་མཚན་ཆེ།།
བརྩེ་དུང་མི་འདོད་སུ་ཡང་མེད།།
ཁ་ནས་བཤད་མཁན་དཀོན་གྱུར་ཀྱང༌།།
ཀུན་གྱི་ཡིད་འཕྲོག་ཁྱོད་ཁོ་ན།།