ཞབས་བརྟན་གསོག་སྒྲུབ།

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོར་བོད་གཞུང་མང་གཉིས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་དྲ་རྒྱས་ཞུས་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོས་ནས་༧མགོན་པོ་གང་གི་སྐུའི་གསང་གསུམ་ལ་བར་ཆད་མེད་པ་དང་།

ཐུགས་ཀྱི་བཞེད་དགོངས་མཐའ་དག་ཀག་མེད་ལྷུན་འགྲུབ་ཡོང་བ་དང་། སྐུ་ཚེ་ཞབས་པད་སྐལ་བརྒྱའི་བར་དུ་བརྟན་ཕྱིར། སྦེལ་ཀོབ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་ཉིན་བཞིའི་རིང་ས་གནས་སུ་ཡོད་པའི་ཆོས་བརྒྱུད་ཆེན་པོ་བཞི་སོ་སོའི་ཐུན་མིན་ལུགས་ཀྱི་སྐུ་རིམ་ཞབས་བརྟན་སྒྲུབ་ཆེད། ཕྱི་ཟླ་ ༧ ཚེ་ ༢ ཉིན་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་སེ་ར་བླ་སྤྱི་བརྒྱུད་དགེ་འདུན་པ་གདན་ཞུས་ཀྱིས་རྟ་མགྲིན་བསྐང་གསོལ་བྱས་པ་དང་། ཚེས་ ༣ ཉིན་སྔ་འགྱུར་མའི་གདན་ས་རྣམ་གྲོལ་གླིང་འདུས་སྤྱི་ལས་ཁུངས་བརྒྱུད་དགེ་འདུན་པ་གདན་ཞུས་ཀྱིས་གནས་བརྟན་ཕྱག་མཆོད་དང་། ཚེས་ ༤ ཉིན་ས་སྐྱ་བརྩེ་ཆེན་དགོན་སྤྱི་ཁྱབ་ལས་ཁང་བརྒྱུད་དགེ་འདུན་པ་གདན་ཞུས་ཀྱིས་ཚེ་ཆོག་དང་མ་ཎི་གསོག་སྒྲུབ་བྱས། ཚེས་ ༥ ཉིན་འབྲི་གུང་བཀའ་བརྒྱུད་དགོན་པའི་དགེ་འདུན་པ་གདན་ཞུས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་སྒྲུབ་ཚད་ལྡན་གནང་ཡོད་པ་དང་། ཚེས་ ༦ ཉིན་གྱི་སྐུའི་འཁྲུང་སྐར་དངོས་ཀྱི་ཉིན་མདོ་སྟོད་མི་མང་ས་གནས་སྤྱི་མཚུངས་བཞིན་ཕོ་བྲང་དུ་སྐུའི་འཁྲུངས་སྐར་དུས་སྟོན་ནང་ཞུགས་ཡོད་པ་རེད་འདུག གནས་ཚུལ་མཁོ་སྤྲོད་གནང་མཁན་ས་གནས་ཆུ་སྒང་ཚོགས་གཙོ་ཁྲི་འདུ་ཐོས་པས་དེང་སྐབས་༸གོང་ས་མཆོག་གི་སྐུའི་བདེ་འཇགས་དང་འབྲེལ་བའི་གསར་འགྱུར་མང་པོ་གོ་ཡོང་གི་ཡོད་དུས། ང་ཚོས་འཁྲུངས་སྐར་ལྟ་བུའི་དུས་ཚེ་ཁྱད་པར་ཅན་གྱི་སྐབས་སུ་༸རྒྱལ་བ་རིན་པོ་ཆེར་སྐུ་རིམ་ཞབས་བརྟན་རེ་གསོག་ཐུབ་ན་བསམ་ནས་དམིགས་བསལ་ལས་རིམ་དེ་བྱས་པ་ཡིན་ཞེས་བརྗོད་སོང་། མེ་སོར་གསར་འགོད་པས།