ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད།

ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་བོད་སྐད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་དྷ་ས་མེག་གྷན་དུ་འཚོགས་པ་དང་། དེར་ཤེས་རིག་ལས་ཁུངས་དང་། དཔེ་སྟོན་སློབ་གྲྭ། བོད་ཀྱི་དཔེ་མཛོད་ཁང་སོགས་ནས་གཏམ་བཤད་སྤེལ་མཁན་ཕེབས་འདུག

བགྲོ་གླེང་དེ་འདྲ་ཞིག་འཚོགས་དགོས་དོན་སྐོར་ལ། གོ་སྒྲིག་པ་ཨ་རིག་འགྱུར་མེད་ཀྱིས་གསུང་དོན། ནམ་རྒྱུན་བོད་ཀྱི་སྐད་ཡིག་སྐོར་ལ་ཉེན་ཁ་ཚ་བོ་ཞིག་མཐོང་གི་ཡོད་པ་རེད། དེར་ཚང་མར་བློ་འཚབ་ཡོད་པ་རེད། སྐད་ཡིག་ཉམས་པ་ལ་ཐོག་མར་སྤྱི་ཚོགས་ནང་བེད་སྤྱོད་མེད་པ་ཆགས་ཀྱི་རེད། དེ་རིང་འདིར་ཉི་མ་རེ་ལ་སོ་སོའི་འཚོ་བའི་ཁྲོད་བོད་སྐད་བེད་སྤྱོད་ག་ཚོད་བལྟ་ཆེད་དུ་རེད། མ་འོངས་པར་དེའི་ཐོག་ལས་འགུལ་སྤེལ་སྐབས་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་དགོས་ཤེས་རྟོགས་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་སོང་།

བོད་སྐད་ལྷན་ཚོགས་ནི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཆེད་སྤྱི་ཚོགས་ནང་དྭང་བླངས་ཀྱིས་ལས་འགུལ་སྤེལ་མཁན་ཞིག་རེད།།