བོད་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད།

ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་བྱང་ཤར་ཤིས་ལོངས་ས་གནས་འགོ་འཛིན་ལགས་ཀྱིས་གནས་ཚུལ་བཏང་གནས་སུ། ཤིས་ལོངས་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཡོངས་སུ་གྲུབ་ནས་གྷ་ཝ་ཧཱ་ཊིའི་གྲོང་འཁྱེར་དུ་འབྱོར་ཡོད་པ་རེད།

སྐབས་དེར་རྡི་མ་སྤུར་རང་བདེན་ཚོགས་ཆུང་གི་འཐུས་མི་ཁག་གཅིག་ས་གནས་དེར་ཕེབས་ནས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Rubam Burua དབུ་བཞུགས་ཐོག འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་བ་ཚོ་མཉམ་འཛོམས་ཀྱིས། བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་དགོས་པའི་དམིགས་ཡུལ་དང་དགོས་པ། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ཀྱི་ཐད་ལ་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད། རྡི་མ་སྤུར་རང་བདེན་གྱི་འཐུས་མི་ཚོའི་འགན་འཁུར་འོག་ནས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ད་ལྟའི་སྐབས་རྡི་མ་སྤུར་བོད་མི་འདུས་སྡོད་ཀྱི་ས་གནས་སུ་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ག་ཅེན་ན་ཡི་ཁུལ་དུ་སྐོར་བསྐྱོད་གྲུབ་བསྟུན། རིམ་བཞིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞིས་བྱས་པའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད།
བདེན་པའི་མེ་ལྕེ་སྐོར་བསྐྱོད་དང། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་དེ། འདི་ལོའི་ཕྱི་ཟླ་༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཉིན་མོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་འབུལ་རྒྱུ་ཡིན་པ་རེད།།